དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ས་མཐོའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-11

    གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་སྡོམ། 《མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། “དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་སྔར་བས་སྤྱི་འདོམས། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བསྡུ་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་ཆེད་བཀོད་སྒྲིག་བཅས་བྱས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བབ་བསྟུན་འཕྲལ་སྒྲུབ་དང་འབད་འབུངས་མདུན་སྐྱོད་བྱས་ནས། རྒྱང་ལམ་གསར་པར་མཐའ་མཚམས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ནུས་ཤུགས་ཡོད་རྒུས་བཀོད་དེ། ས་མཐོའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་སྔར་བས་སྐུལ་ལྕག་ཐུབ་ངེས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས” བཅས་ཀྱི་དོན་ཆེན་བཞི་གསལ་སྟོན་གནང་བ། ལྷག་པར་དུ་མཐའ་མཚམས་བཅོས་སྐྱོང་དང་མཐའ་མཚམས་འཕེལ་རྒྱས་ལ་གཞིགས་ཏེ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་བཏོན་གནང་ནས། ང་ཚོར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འཛུགས་གཏོད་བཞིའི”གསར་འབྱེད་རང་བཞིན་གྱི་གསར་གཏོད་དང་སྣེ་ཁྲིད་རང་བཞིན་གྱི་ལག་ལེན་ལ་བརྟེན་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་སྔར་བས་གཅིག་གྱུར་བྱས་ཏེ། བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ལག་ལེན་གྱི་གཞི་རྟེན་དང་ཞིབ་ཕྲའི་དམ་འཛིན་བྱ་གཞི་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག“མཐའ་སྟོབས”ལས་དོན་ལ་ཆེད་མངགས་བཀོད་སྒྲིག་བྱས་པ་ལས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”ཚང་མར་བརྒྱུད་རིམ་ཧྲིལ་པོའི་བཀོད་སྒྲིག་བྱས་ཟིན་པ་མཚོན་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《བསམ་འཆར》 ནང་། “མཐའ་སྟོབས”ཀྱི་དོན་ཆེན་གཙོ་གནད་དུ་བཟུང་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་བརྒྱུད་རིམ་ཧྲིལ་པོའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྤྱི་ཡོངས་ཀྱི་བླང་བྱ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་ཡོད། འདི་ནི་བརྒྱུད་རིམ་ཧྲིལ་པོའི་འདུ་འགོད་ཅིག་དང་། ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ལ་འགྱུར་བར་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་ཞིག སྤྱི་ཡོངས་ལ་སྟངས་འཛིན་དང་། ཆོས་ཉིད་དང་བསྟུན་པ། དོན་དངོས་ལ་གཞི་ཚུགས་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཅིག རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ལས་སྒྲུབ་དཔེ་རིས་དང་ལས་འགན་ཡི་གེ་ཞིག་བཅས་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་ནི“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་མཐའ་མཚམས་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། སྤྲོ་སེམས་རབ་ཏུ་འཕེལ་བ་དང་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་དང་། ས་ཁོངས་སྲུང་བའི་ལས་འགན་སྒྲུབ་པ། ས་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས། 《བསམ་འཆར》ནང་ཁ་གསལ་བཏོན་པའི་ལས་དོན་ཁག་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱས་ཏེ། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་གཅིག་ཏུ་འདུས་པའི་བོད་ཀྱི་ལག་ལེན་ལ་འགྱུར་བར་བྱེད་དགོས།

    དམིགས་ཚད་ལ་བརྟེན་ནས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་། དོན་འཁྱོལ་ལ་བརྟེན་ནས་འགན་འཁུར་ལ་ཚོད་བགམ་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་ཉེར་ཡོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་ལག་བསྟར་བྱེད་གྲབས་ཡོད་པས། ཚང་འཛོམས་གྲོས་ཚོགས་ཐོག་ལོ་སྨད་ཀྱི་རང་ལྗོངས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་སྤུས་ཚད་མཐོ་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་གྲོས་དང་སྟོབས་ཤུགས་དེ་ཚང་འཛོམས་གྲོས་ཚོགས་ཐོག་ཁ་གསལ་བཏོན་པའི་གཙོ་གནད་ལས་འགན་དོན་འཁྱོལ་ཐད་གཅིག་ཏུ་བསྒྲིལ་ནས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ། མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་སྟེ། བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་བརྒྱུད་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།