རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བོད་ཀྱི་སྐྱེ་ཁམས་རྒྱུན་སྲིང་ལྷོད་མེད་ངང་སྲུང་སྐྱོང་ཡག་པོ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་གི་ཡིན།
ཟླ་8ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་སྤྱི་འདོམས་དང་སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན་ད་ཆ་བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། ང་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འདུ་ཤེས་བརྟན་པོར་བཙུགས་ནས་བོད་ཀྱི་སྐྱེ་ཁམས་རྒྱུན་སྲིང་ལྷོད་མེད་ངང་སྲུང་སྐྱོང་ཡག་པོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་གི་ཡིན་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་མ་ཟད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པར་བརྟེན་ལྷ་སའི་རི་བོ་དེ་བས་སྔོ་ལྗང་དང་། ནམ་མཁའ་དེ་བས་གཡའ་དག་པ། ཆུ་མོ་དེ་བས་གཙང་བ་བཅས་བྱུང་ཡོད། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཁྲིམས་སྲོལ་དང་ཚད་འཛིན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལི་ཕེ་ཡིས་མྱོང་ཚོར་ཟབ་མོས“རྒྱུན་མཐུད་ངང་སྤེལ་བའི་ཤིང་འཛུགས་ནགས་བཟོའི་བྱ་སྤྱོད་ཀྱིས་མི་སྡོད་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ཞིང་འབྲོག་པ་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་ཡོད་ལ། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ང་ཚོས་ད་དུང་སྤྱོད་གོ་ཆོད་པའི་སྐྱེ་ཁམས་འཛུགས་སྐྱོང་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་བྱས་ཡོད་ལ། ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་ལ་བརྟེན་ནས་ནགས་བཟོའི་ཕན་འབྲས་ཆེ་རུ་བཏང་བ་དང་དུས་མཚུངས་ཕྱོགས་མང་པོའི་སྟོབས་ཤུགས་ཞུགས་པར་ཡང་སྐུལ་ལྕག་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་བཏང་ཡོད”ཅེས་བཤད།
“‘སྐྱེ་ཁམས་འཛུགས་སྐྱོང་ཁྲོད་མི་དམངས་མང་ཚོགས་ཚོས་ཡུལ་སྐོར་བྱ་གཞག་གཉེར་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད’ང་ཚོའི་གྲོང་ཚོ་ནི་དཔེ་མཚོན་ཡག་ཤོས་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཀོ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས་ཡོངས་བསྒྲགས་ཚོགས་འདུའི་ནང་དོན་གླེང་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས“སྔོན་ཆད་ཡར་ཀླུང་གཙང་འགྲམ་བྱེ་ཐང་ཡིན། དགུན་དཔྱིད་གཉིས་སུ་བྱེ་རླུང་ལྡང་ནས་གཙང་པོའི་ལྷོ་ངོགས་མཐོང་མི་ཐུབ། ཕྱིས་སུ་གོང་རིམ་སྡེ་ཚན་གྱི་བཀའ་རྒྱར་བརྡ་ལན་ཞུས་ཏེ་ཤིང་འཛུགས་བྱེ་བཅོས་བྱས་པས་གང་སར་སྔོ་ལྗང་གིས་ཁེངས་ཡོད། ‘ལྗང་མདོག་གསར་བརྗེའི’བྱ་སྤྱོད་ཁྲོད་ང་ཚོའི་གྲོང་ཚོ་ཡང‘རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོར’གྱུར་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་བཟང་པོར་བརྟེན་ནས་ང་ཚོས་ཡར་ཀླུང་གཙང་པོའི་འགྲམ་དུ་ལྗོངས་གཟིགས་སྒང་བསྐྲུན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་མ་ཟད། ད་དུང་སྔོ་ཚལ་དང་ཤིང་ཏོག་གི་འདེབས་འཛུགས་རྟེན་གཞི་བསྐྲུན་པས། སྐྱེ་ཁམས་ཐོན་ལས་གྲོང་ཚོ་ཡོངས་ཀྱི་ཀ་རྟེན་ཐོན་ལས་སུ་གྱུར་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.3ཟིན་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་སྐྱེ་ཁམས་འཛུགས་སྐྱོང་ཁྲོད་ནས་ཕན་པ་ཐོབ་ཡོད། སླད་ཕྱིན་ང་ཚོས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་བསྐྱོད་དེ་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་ཀྱི་ཡིན”ཞེས་བཤད།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་སྐྱིད་སྒྲོལ་དཀར་ལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གླེང་བའི“སྐྱེ་ཁམས་དམངས་ཕན”གྱི་ཚིག་དེས་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་གིས“སྐྱེ་ཁམས་ཀྱི་ལས་གྲྭར་ལྗང་མདོག་གི་གྲུབ་འབྲས་ཐོན་པ་བྱེད་དགོས་ལ། དམངས་ལའང་ཕན་པ་ཐོབ་པར་བྱེད་དགོས”ཞེས་བརྗོད། ཁོང་གིས་དུས་ཡུན་རིང་པོར་རྣམ་གླིང་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་ནས་གཞི་ཁྱོན་ཆེན་པོས་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པར་བརྟེན་རྫོང་ཡོངས་སུ་ནགས་ཚལ་ཁེབས་ཚད་5%ཡང་མ་ཟིན་པ་ནས་28%བར་འཕར་བ་དང་ལོར་ཆ་སྙོམས་ཆར་ཆུ་འབབ་ཚད་20%འཕར་ཡོད། ང་ཚོས་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་དོ་དམ་སྲུང་སྐྱོང་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་བརྒྱུད། མི་60ལས་ཞུགས་བརྟན་པོ་ཐུབ་པ་དང་མང་ཚོགས་གླ་པ་ཁྲི་17བསྡུས་པར་འབབ་འཕར་སྒོར་ཁྲི་3980ལྷག་ཙམ་བྱུང་ཡོད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལོ་རེ་བཞིན་ལེགས་སུ་ཕྱིན་ཞིང་། 2024ལོར་རྫོང་ཡོངས་སུ་ནགས་ཚལ་ཁེབས་ཚད་54.46%ཟིན་ཡོད། “ནགས་དཔོན་དང་ཆུ་དཔོན་ལམ་ལུགས”སོགས་ཀྱི་བྱེད་ཐབས་དོན་འཁྱོལ་དང་དེ་བཞིན་སྐྱེ་ཁམས་སྲུང་སྐྱོང་བ་19847གྱིས་རྒྱུན་དུ་དོ་དམ་སྲུང་སྐྱོང་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་ནགས་ཚལ་སྤྱི་ཆིང་ཁྲི་65ལྷག་ཙམ་དང་། རྩྭ་ཐང་སྤྱི་ཆིང་ཁྲི་27ལྷག་ཙམ། དེ་བཞིན་རྫོང་ཁོངས་ཀྱི་ཆུ་བོ་བཅས་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་ཡོད་ལ། འཚོ་བའི་བཙོག་ཆུ་དང་གད་སྙིགས་སོགས་གཙང་སེལ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།