དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོར་འགྲན་བསྡུར་བྱས། ལང་ཚོའི་ཉམས་འགྱུར་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚུའེ་ཧན་ཁྲའོ། ཧོ་ཅིན།   |     སྤེལ་དུས།  2025-08-10

    དྲོད་འཇམ་ཉི་འོད་རྩྭ་ཐང་ཐོག་རབ་ཏུ་འཕྲོས་ཤིང་། ཉིན་གཉིས་རིང་གི་ཕན་ཚུན་རྗེས་སྙེག་འགྲན་རྩོད་ཁྲོད་རུ་དཔོན་ལེང་ཧྲེ་ཁྲུང་དང་རུ་མི་ཀྲུའུ་ཕེ་ཁྲའོ་གཉིས་ཀྱིས་རྐང་འཁོར་བཞོན་ནས་ས་མཐོར་ཨང་དང་པོ་བླངས་པ་དང་། འགྲན་བསྡུར་གྱི་དུམ་བུ་གཉིས་བསྟུད་མར་བརྒྱུད་རྗེས་རྩྭ་ཐང་གི་བྱ་དགའ་སྤྲོད་སའི་སྟེགས་བུར་འབྱོར།

    ལེང་ཧྲེ་ཁྲུང་གིས“ཐེངས་འདིའི་འགྲན་བསྡུར་ལས་ང་ཚོས་སླར་ཡང་ས་མཐོར་རང་ཉིད་ཀྱི་ཆུ་ཚད་ལ་འགྲན་སློང་བྱེད་རྒྱུ་བྱུང་བ་མ་ཟད། ས་གནས་དེ་གའི་ཡུལ་ལྗོངས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ་པ་དང་མང་ཚོགས་ཀྱི་སྤྲོ་སེམས་ཚོར་ཐུབ་བྱུང”ཞེས་བཤད།

    ལེང་ཧྲེ་ཁྲུང་དང་ཀྲུའུ་ཕེ་ཁྲའོ་ནི་ཀྲུང་གོ་རི་ཁུལ་རྐང་འཁོར་རུ་ཁག་ནས་ཡིན་པ་དང་ཁོང་ཚོ་ནི་ལོ་མང་གི་རུ་གྲོགས་རེད། ད་ཐེངས་ཁོང་གཉིས་རུ་གྲོགས་ཡིན་པའི་ངོས་ནས་2025ལོའི(སྐབས་བརྒྱད་པ)ཀན་ལྷོའི་བོད་རིགས་ས་ཁུལ་གྱི་ངོ་མཚར་ཆེ་བའི་རྐང་འཁོར་གྱི་རྫས་ཚའི་རོང་ནས་མཚོ་ཉིན་རྒྱལ་སྤྱིའི་འདམ་ར་བར་གྱི་འགྲན་བསྡུར་གལ་ཆེན་ནང་ཞུགས་པ་རེད།

    སྐབས་འདིའི་རྐང་འཁོར་འགྲན་བསྡུར་ཚེས་26དང་27ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་དུ་བྱས་པ་དང་ཁྱོན་ལུས་རྩལ་པ་709འགྲན་བསྡུར་ལ་ཞུགས་པ་རེད།

    ལེང་ཧྲེ་ཁྲུང་ནི་ཀན་སུའུ་ནས་ཡིན་པ་དང་ས་སེར་མཐོ་སྒང་དུ་འཚར་ལོངས་བྱུང་བའི་ཁོང་ས་བབ་མཐོ་བའི་འགྲན་བསྡུར་ལ་ཧ་ཅང་དགའ་པོ་ཡོད་པས། རི་ཁུལ་འགྲན་བསྡུར་གྱི་ཀྱག་ཀྱོག་ལམ་དུམ་ཁྲོད་འགྲན་ལམ་དབང་དུ་བསྡུ་བའི་སྤྲོ་སྣང་ལོངས་སུ་སྤྱོད་ཀྱི་ཡོད། ཀྲུའུ་ཕེ་ཁྲའོ་ནི་ཀུའེ་ཀྲོའུ་ནས་ཡིན་པ་དང་ཁོང་གིས་འདི་གར་འགྲན་བསྡུར་ལ་ཐོག་མར་ཞུགས་སྐབས་ལུས་པོའི་དྲོད་ཚད་ཉམས་པའི་མྱོང་ཚོར་ནམ་ཡང་བརྗེད་མི་ཐུབ་པ་ལ། གཡའ་དག་པའི་ནམ་མཁའ་འོག་གི་ས་མཐོའི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ཀྱང་བརྗེད་མི་ཐུབ།

    ཀྲུའུ་ཕེ་ཁྲའོ་ཡིས“ས་མཐོར་འགྲན་བསྡུར་བྱེད་པར་ཡོང་སྐབས་ངེས་པར་དུ་གཟའ་འཁོར་གཅིག་ནས་གཉིས་ཀྱི་སྔོན་ལ་གོམས་འཕྲོད་རང་བཞིན་གྱི་སྦྱོང་བརྡར་བྱེད་དགོས་ཀྱི་འདུག དེ་ལྟར་མ་བྱས་ཚེ་རང་ཉིད་ཀྱི་ཆུ་ཚད་དངོས་འདོན་ཐབས་བྲལ”ཞེས་བཤད།

    ཨང་དང་པོ་ལེན་མཁན་རོགས་ཟླ་དེ་གཉིས་དང་རྐང་འཁོར་ལུས་རྩལ་དབར་གྱི་ལས་དབང་ནི་སློབ་མའི་དུས་ནས་བྱུང་བ་དང་ལོ་ལྟར་ཆ་སྙོམས་འགྲན་བསྡུར་ཐེངས་30ནས་40བར་ནང་ཞུགས་མཁན་ཁོང་ཚོ་ནི་སྔ་ས་ནས་འགྲན་རའི“ཕུལ་བྱུང་བ”ཤ་སྟག་ཡིན་ལ་ཚང་མས་རང་ཉིད་ཀྱི་རྐང་འཁོར་ཚོང་ཁང་ཡང་གཉེར་སྐྱོང་བྱེད་བཞིན་ཡོད་པ་རེད། ཁོང་ཚོའི་ངོས་ནས་བརྗོད་ན་རྗེས་སྙེག་འགྲན་བསྡུར་ལུས་རྩལ་དེའང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཡར་རྒྱས་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།