དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི་སྨན་པས་གཞི་རིམ་གྱི་སྨན་བཅོས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཙི་ཆི།   |     སྤེལ་དུས།  2025-08-10

    ཞོགས་པ་སྔ་པོ་ནས་ཀྲའོ་ཁྲེང་ཁྲུན་དུས་རྒྱུན་བཞིན་ཁྱིམ་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ལས་ཀར་བསྐྱོད་ཅིང་། འཕྲོད་བསྟེན་ཁང་གི་སྒོ་ཕྱེ་མ་ཐག་ཡུལ་མི་མང་པོ་རིམ་བཞིན་ཁྲག་ཤེད་སོགས་ལྟ་བར་འོང་བ་དང་། ཁོང་ཚོས་སྨན་པས་བཤད་པའི་དོ་སྣང་བྱེད་དགོས་པའི་དོན་གནད་ཁག་ཉན་རྗེས། སྨན་པར་ཐུགས་རྗེ་ཆེ་ཞུས་ཏེ་དལ་བུར་འཕྲོད་བསྟེན་ཁང་ནས་དོན་འགྲོ་གི་ཡོད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཧའེ་ཙི་ཀོའུ་ཤང་ཏ་ཡིའུ་ཧྲན་གྲོང་ཚོའི་ས་ཁྱོན་སྨི་ངོས་གྲུ་160ལྷག་ཙམ་ཟིན་པའི་འཕྲོད་བསྟེན་ཁང་དུ་ལོ་ན་39ལ་སླེབས་པའི་གྲོང་ཚོའི་སྨན་པ་ཀྲའོ་ཁྲེང་ཁྲུན་དེ་གར་ལས་ཀ་བྱས་ནས་ལོ་བཅུ་ལྷག་ཙམ་འགྲོ་གི་ཡོད།

    “ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཏ་ཡིའུ་ཧྲན་གྲོང་ཚོའི་མི་ཞིག་ཡིན། གྲོང་ཚོ་ཡོངས་ལ་མི་3800ལྷག་ཙམ་དང་། ཡིག་ཚགས་དང་གཱ་བཟོས་པ་དང་གཅོང་ནད་རིགས་བཞིའི་གན་རྒྱ་བཞག་པའི་གཙོ་གནད་མི་ཚོགས་500ཙམ་ཡོད། དེའི་ཁྲོད་ཁྲག་ཤེད་མཐོ་བ་150དང་གཅིན་སྙི་ཟག་ཁུའི་ནད་ཕོག་པ་48ཡོད”ཅེས་ཀྲའོ་ཁྲེང་ཁྲུན་གྱིས་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཧ་ཅང་ངེས་པོས་བཤད། ཁོང་གིས་རང་ཉིད་ཀྱི་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་རང་སྦྱོང་བྱས་ཏེ་སློབ་རྒྱུས་མཐོ་རུ་བཏང་བ་དང་། དངོས་གཞིའི་ཚན་ཁག་ཐོན་རྗེས་གཞི་རིམ་དུ་མུ་མཐུད་སྡོད་རྒྱུའི་གདམ་ག་བྱས།

    ཀྲའོ་ཁྲེང་ཁྲུན་གྱིས། ཉེ་བའི་ལོ་ཤས་རིང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་སོང་སྟེ། གྲོང་ཚོའི་འཕྲོད་བསྟེན་ཁང་དུ་མཁོ་ཆོད་ཚན་ཁག་དང་། ཀྲུང་ལུགས་ཚན་ཁག ཕྱི་ལུགས་སྨན་ཁག ཕྲ་སྲིན་མེད་པའི་སྨན་སྦྱོར་ཁང་། ལྟ་ཞིབ་ཁང་། ཀྲུང་ལུགས་གསོ་རིག་གི་དངོས་ལུགས་སྨན་བཅོས་སོགས་ཀྱི་བྱེད་ནུས་ཁང་ཡོད་པ་མ་ཟད། རྒྱུན་དུ་སྤྱོད་པའི་ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་རྫས་སྣ་ཁ་300ལྷག་ཙམ་ཡོད་པ་དང་། སྒོ་བསྟེན་སྨན་ཁང་གིས་ཟླ་རེར་མི་ཐེངས་300ཙམ་ལ་སྨན་བཅོས་བྱེད་ཀྱི་ཡོད། “གྲོང་ཚོར་སྨན་བཙོང་ས་མེད་པས། ཡུལ་མི་མང་ཆེ་བ་དང་། ལྷག་པར་དུ་རྒན་འཁོགས་ཚོ་རྟག་ཏུ་འཕྲོད་བསྟེན་ཁང་དུ་སྨན་ཉོ་བར་ཡོང་གི་ཡོད་པས་སྤྱིར་ན་ནད་ཆུང་གྲོང་ཚོར་སྨན་བཅོས་ཐུབ་ཀྱི་ཡོད”ཅེས་བཤད།

    མིག་སྔའི་བར། མཚོ་སྔོན་ལ་ཤང་གྲོང་འཕྲོད་བསྟེན་ཁང་407དང་གྲོང་ཚོའི་འཕྲོད་བསྟེན་ཁང་4430ཡོད་པས། ཤང་གྲོང་ཚང་མར་ཚད་ལྡན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་དང་སྲིད་འཛིན་གྲོང་ཚོ་ཚང་མར་ཚད་ལྡན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་རེ་ཡོད། 2024ལོ་ནས་བཟུང་། སྨན་བཅོས་ཞབས་ཞུ་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་ཆེད་མ་དངུལ་སྒོར་དུང་ཕྱུར་3.44དོན་འཁྱོལ་བྱས་པའི་ཁྲོད། སྒོར་དུང་ཕྱུར་1.03གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁྱད་ལྡན་ཚན་ཁག་འཛུགས་སྐྱོང་དང་། སྒྲིག་ཆས་སྒྱུར་བཀོད་རིམ་སྤོར། མི་སྣ་གསོ་སྦྱོང་སོགས་ཐད་སྤྱད་ཡོད།

    “ད་ཆ་སྲིད་ཇུས་ཡག་པོར་བརྟེན་ནས་ཤང་དང་གྲོང་རྡལ་ཁོངས་གཏོགས་ཀྱི་གྲོང་ཚོ་9ལ་སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི་སྨན་པ་ཡོངས་སུ་ཁྱབ་ནས་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཉི་མ་ལྷ་མོས་བཤད་ཅིང་། ཁོང་གིས་གྲོང་ཚོའི་སྨན་པ་ནི་མི་སེར་ཚོའི“བདེ་ཐང་སྲུང་མཁན”ཡིན་པས། ཕུལ་བྱུང་སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི་སྨན་པ་དེ་དག་ལས་གནས་སུ་སླེབས་རྗེས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་ལ་གསོན་ཤུགས་བསྣན་ཡོད། “ད་ཆ་ཀྲོའུ་ཡོངས་སུ་སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི་སྨན་པ་188བསྡུས་ནས་ས་མཐོའི་འབྲོག་ཁུལ་དུའང་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་པ་ཉུང་དྲགས་པ་དང་འཇོན་ཐང་ཆུང་བའི་གནད་དོན་ཐག་གཅོད་ཐུབ་ཆེད། མཚོ་སྔོན་གྱི་འབྲེལ་ཡོད་སྡེ་ཚན་གྱིས“མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་མོ་བའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིའི་ལག་བསྟར་ཇུས་གཞི”བཀྲམ་སྟེ། གྲོང་གསེབ་སྨན་པའི་དཔུང་ཁག་ཁ་གསབ་དང་ལེགས་སུ་བཏང་བ་བརྒྱུད། གྲོང་གསེབ་སྨན་པའི་སློབ་རྒྱུས་གྲུབ་ཆ་ལེགས་སུ་བཏང་ནས་གྲོང་གསེབ་སྨན་པའི་ཞབས་འདེགས་ཞུ་ནུས་མུ་མཐུད་མཐོ་རུ་གཏོང་རྒྱུ་རེད།

    “ཀྲོའུ་རིམ་པའི་སྨན་ཁང་དུ་དངོས་སྦྱོང་བྱེད་སྐབས། ངས་ནད་པ་མང་པོའི་ནད་གཞི་ཚབས་ཆེན་པོ་ཡོད་པ་ཤེས་བྱུང་། གལ་ཏེ་ནད་པས་གཞི་རིམ་ནས་ནད་གཞི་སྔ་ཙམ་བརྟག་དཔྱད་ཐུབ་པ་དང་སྔ་ཙམ་སྨན་བཅོས་ཐུབ་ཡོད་ཚེ། ནད་གཞི་ལྗིད་པོ་འདི་འདྲ་བར་འགྱངས་མི་སྲིད”ཅེས་ལོ་26ལ་སླེབས་པའི་བཀྲ་གཡང་གིས་བཤད་ཅིང་། ཁོང་ནི་2024ལོར་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་དང་པོ་གྲོང་ཚོར་བསྡུས་པའི་སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི་སྨན་པ་ཞིག་ཡིན་པ་དང་། མཚོ་སྔོན་སློབ་ཆེན་གྱི་ནད་ཐོག་གསོ་རིག་ཆེད་ལས་ནས་མཐར་ཕྱིན་པ་རེད།

    མི་རིང་བའི་གོང་། བཀྲ་གཡང་གིས་ཤང་གྲོང་འཕྲོད་བསྟེན་ཁང་ལ“ལོ་གསུམ་ནང་བུད་མེད་དང་བྱིས་པའི་བདེ་ཐང་སྤུས་འབྲས་ལེགས་གཉེར་གྱི་ལས་ཀའི་ཇུས་གཞི”ཞིག་བསྐྱལ་ཡོད། ཁོང་གིས་ད་ཆ་འཕྲོད་བསྟེན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་ཐུབ་ནས་ཡུལ་མིས“ཁྱིམ་གྱི་སྒོ་རྩ”ནས་གཟུགས་པོར་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པས། “གཞི་རིམ་དུ་རང་འཁྲིའི་ལས་ཀ་ཡག་པོ་བྱས་ནས་སོ་སོའི་རིན་ཐང་མངོན་པར་བྱེད་འདོད་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།