རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་བུ་མོའི་རྐང་རྩེད་སྤོ་ལོའི་མི་རིགས་མཐུན་སྒྲིལ་མཛའ་གྲོགས་འགྲན་བསྡུར་ཤིན་ཅང་དུ་འགོ་ཚུཌ་པ།
ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པའི“སེ་འབྲུའི་མེ་ཏོག་བཞད། ལང་ཚོའི་བཀྲག་མདངས་འཚེར”གྱི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་བུ་མོའི་རྐང་རྩེད་སྤོ་ལོའི་མི་རིགས་མཐུན་སྒྲིལ་མཛའ་གྲོགས་འགྲན་བསྡུར་ཤིན་ཅང་ཁ་ཧྲི་སློབ་ཆེན་ཤིན་ཆོན་སློབ་ཁུལ་གྱི་ལུས་རྩལ་ཐང་དུ་འགོ་ཚུཌ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་ཁྱོན་འཐུས་མིའི་རུ་ཁག་21ཞུགས་ཤིང་། སྤོ་ལོ་རྒྱག་མཁན་300ལྷག་ཙམ་ཡོད་པ་ཚང་མ་ལོ་12ནས་14བར་གྱི་སློབ་ཕྲུག་བུ་མོ་རེད། དུས་ཡུན་ཉིན་ལྔའི་འགྲན་བསྡུར་བྱེད་རིང་ཁོང་ཚོས་ལུས་རྩལ་ཐང་དུ་འབད་བརྩོན་ཆེན་པོས་ཕུགས་འདུན་དོན་གཉེར་བྱས་ནས། ལང་ཚོའི་སྐྱེ་སྟོབས་དང་འབད་བརྩོན་བྱེད་ཕོད་པའི་ངར་སེམས་གང་ལེགས་མངོན་པར་བྱེད་རྒྱུ་རེད།
“རྐང་རྩེད་སྤོ་ལོ་འབྲེལ་ཐག་ཏུ་བྱས་ཏེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སེམས་ནང་གཏིང་ཟབ་ཟུག་པར་བྱེད་རྒྱུ་རེད”ཅེས་ཧྲན་ཏུང་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ལིའུ་ཁྲུང་གིས་བརྗོད། སི་ཁྲོན་རུ་ཁག་ནས་ཡོང་བའི་ལོ་12ལ་སླེབས་པའི་དབྱི་རིགས་ཀྱི་སྤོ་ལོ་རྒྱག་མཁན་པི་ཆུ་མོ་རི་ཉིའུ་ཡིས“ཐེངས་འདིའི་འགྲན་བསྡུར་བརྒྱུད་ང་རང་ལེང་ཧྲན་ནས་ཐེངས་དང་པོ་ཁ་བྲལ་ཏེ་རྐང་རྩེད་སྤོ་ལོར་དགའ་བའི་སློབ་གྲོགས་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྒྱག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཤེས་རྟོགས་བྱུང་བར་གཞིཌ་ན། མཛའ་གྲོགས་འགྲན་བསྡུར་བྱེད་རིང་སྤོ་ལོ་རྒྱག་མཁན་ཚོས་ད་དུང“ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་ཡག་པོ་བྱེད། ཁྱིམ་གཞིས་རྒྱལ་ཁབ་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པའི་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡི་གེ་སློབ་སྦྱོང་བྱེད་པའི་འགྲེམས་སྟོན་བྱེད་སྒོར་ལྟ་རྒྱུ་དང་། ཁ་ཧྲི་ས་ཁུལ་གྱི་རྟེན་མཛོད་ཁང་དང་ཚན་རྩལ་ཁང་ལ་ལྟ་སྐོར་བྱས་ནས་སྤེལ་རེས་དང་ཞིབ་འཇུག་ཁྲོད་དུ་ཁྱིམ་གཞིས་ཀྱི་བརྩེ་བ་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།