རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རང་བྱུང་གནོད་འཚེར་བརྟག་དཔྱད་ཚོད་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རང་བྱུང་གནོད་འཚེར་བརྟག་དཔྱད་ཚོད་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། རང་བྱུང་གནོད་འཚེར་བརྟག་དཔྱད་ཚོད་སྐོར་གྱི་ལས་དོན་ཚད་ལྡན་དུ་གཏོང་བ་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།
《བྱ་ཐབས》ནང་རང་བྱུང་གནོད་འཚེར་བརྟག་དཔྱད་ཚོད་སྐོར་ལག་བསྟར་བྱེད་པོ་དང་དེ་བཞིན་རིམ་སྤོར་བརྟག་དཔྱད་དང་། མིང་སྦྱར་ལྟ་སྐུལ། དག་ཐེར་ཚོད་སྐོར་སོགས་ཀྱི་ལས་ཀའི་ལམ་སྲོལ་གཏན་འབེབས་བྱས་ཡོད། རྩ་དོན་ཐོག་དམིགས་བསལ་གྱི་རང་བྱུང་གནོད་འཚེ་ཚབས་ཆེན་ལ་བརྟག་དཔྱད་ཚོད་སྐོར་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོད་སྐོར་ཚོགས་ཆུང་མངགས་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲལ་སྡོམ་དོ་དམ་སྡེ་ཚན་ནམ་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་སྣེ་ཁྲིད་ནས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུའི་དབང་ཆ་སྤྲོད་རྒྱུ་དང་། རང་བྱུང་གནོད་འཚེ་ཚབས་ཆེན་ལ་བརྟག་དཔྱད་ཚོད་སྐོར་བྱེད་པར་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ། རང་བྱུང་གནོད་འཚེ་ཅུང་ཚབས་ཆེ་བ་དང་སྤྱིར་བཏང་ལ་བརྟག་དཔྱད་ཚོད་སྐོར་བྱེད་པར་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་གནས་ཚུལ་ལ་གཞིགས་ནས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་རེད།
《བྱ་ཐབས》ནང་ཁ་གསལ་བཏོན་དོན། ངོ་བོ་ཚབས་ཆེ་བ་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ། སྤྱི་དམངས་གནོད་འཚེའི་རྒྱུ་རྐྱེན་དང་ཤི་རྨས་མི་སྣའི་གྲངས་འབོར་ལ་དོགས་པ་སྐྱེས་པ། འབྲེལ་ཡོད་ལས་གྲྭའམ་རྨང་གཞིའི་སྒྲིག་བཀོད་ལ་སྤུས་ཚད་ཀྱི་གནད་དོན་གལ་ཆེན་ཡོད་སྲིད་པ། འབྲེལ་ཡོད་མི་སྣས་གནོད་འཚེ་འགོག་བཅོས་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་ཀའི་ཁྲོད་འགན་འཛོལ་ཤོར་བ་སོགས་ཀྱི་དོགས་གཞི་ཡོད་པའི་རང་བྱུང་གནོད་འཚེ་ཚབས་ཆེན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲལ་སྡོམ་དོ་དམ་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་སྣེ་ཁྲིད་དེ་རིམ་པ་སྤར་ནས་བརྟག་དཔྱད་ཚོད་སྐོར་བྱ་རྒྱུ་རེད།
《བྱ་ཐབས》ནང་བླང་བྱ་བཏོན་དོན། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་འབྲེལ་ཡོད་དཔེ་མཚོན་གྱི་རང་བྱུང་གནོད་འཚེར་བརྟག་དཔྱད་ཚོད་སྐོར་ལ་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གྱིས་མིང་སྦྱར་ལྟ་སྐུལ་བྱེད་པ་དང་འབྲེལ། གནས་ཚུལ་ལ་གཞིགས་ནས་ལས་དོན་ཚོགས་ཆུང་མངགས་ཏེ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་གིས་མིང་སྦྱར་ལྟ་སྐུལ་བྱེད་པའི་ཞིབ་ཕྲའི་ལས་ཀའི་འགན་འཁུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།