སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པ།
—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་ལས་དོན་སྐོར་གྱི་སྒྲིལ་གླེང་།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བཙུགས་པ་དང་། རྒྱ་ཆེའི་མཐའ་མཚམས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས། མཐའ་མཚམས་འཛུགས་སྐྲུན་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་འགན་ལེན་བཅས་ཐུབ་ནས་ལེ་དབར་སྟོང་གི་མཐའ་མཚམས་སུ་བདེ་སྐྱིད་ལྡན་པའི་འཚོ་བའི་ལེའུ་གསར་པ་བརྩམས་ཡོད།
མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མཐའ་སྲུང་སྲ་བརྟན་ཡོང་བའི་འགན་ལེན་བྱས་པ།
ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་དང་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། ཆུ་མཁོ་འདོན་ཐད་མཐའ་མཚམས་ཀྱི་རྫོང་གྲོང་21ལ་སྤྱི་པའི་ཆུ་མཁོ་འདོན་ཐུབ་ཚད་84.5%ཟིན་པ་དང་། མཐའ་མཚམས་ཀྱི་རྫོང་གྲོང་17ལ་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་བསྐྲུན་ནས་བཙོག་ཆུ་གཙང་གསིང་ཐུབ་ཚད་80%ཡན་ཟིན་པ། འཕྲིན་གཏོང་ཐད་སྒྲིག་ཚང་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁེབས་ཚད་ཚང་མ་99%ཡན་ཟིན་པ། གཞུང་ལམ་ཐད་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མ་དང་སྒྲིག་ཚང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་མཁོ་འདོན་ཐད་གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་བྱས་ཡོད་པ་རེད།
ཏང་གི་འོད་ཟེར་མཐའ་མཚམས་ལ་འཕྲོས། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། ད་ཆ། ཡུལ་སྨད་ཤང་གི་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། དངོས་པོའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། བསམ་པའི་ཉམས་འགྱུར་ཡང་གསར་རྐྱང་དུ་གྱུར་ཡོད། ཡུལ་སྨད་ཙམ་མ་ཟད་རང་ལྗོངས་ཀྱི་ས་གནས་ཁག་གི་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཧ་ཅང་ཆེ་རུ་ཕྱིན་ཏེ། ཁོང་ཚོས་རང་འགུལ་ངང་ཕྱུགས་འཚོ་མཐའ་སྲུང་གི་རྣམ་པའི་ཐོག་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་གི་དྲིན་ལན་འཇལ་བཞིན་ཡོད།
མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་འགན་ལེན་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཚད་ལྡན་རིགས་དབྱེ་དང་ཚད་གཞི་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས། ཡུལ་བབ་དང་བསྟུན་ཏེ་མཐའ་མཚམས་ཀྱི་ཐོན་ལས་འཕེལ་རྒྱས་དང་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་བས། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། འཚོ་བ་ལེགས་སུ་ཕྱིན་པ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོ་གནས་སའི་ལམ་ཐག་རིང་བ་དང་འབབ་འཕར་གྱི་ཐབས་ལམ་ལ་ཚད་བཀག་ཡོད་པས། དེ་སྔ་ས་གནས་དེ་གའི་མང་ཚོགས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོས་ཡོད། ཉེ་བའི་ལོ་ཤས་རིང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པའི་འདེགས་སྐྱོར་འོག ས་མ་གྲོང་ཚོའི་མང་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་འབྲུ་གུ་མཉེན་པོའི་སེ་འབྲུ་འདེབས་འཛུགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་ཡོད།
སྤུ་ཧྲེང་གི་རྩམ་པ་དང་། རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ། སྒར་རྫོང་གི་སྔོ་ཚལ། གྲོ་མོའི་ཉ་སོགས“ས་ཁོངས་ཀྱི་ཁྱད་ལྡན”ཞིང་ཞོར་ཐོན་རྫས་དག་ཁྲོམ་རར་བཏོན་པས། མཐའ་མཚམས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི“ཐབས་བཟང”རྙེད་ཡོད།
གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོ་འདི་ཉིད་རང་ལྗོངས་ཀྱི་མཐའ་མཚམས་སུ་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུར་གྱུར་ཡོད། སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ནི་གམ་པ་རྫོང་དུ་རྩ་འཛུགས་ཅན་དང་ཚད་ལྡན་ཅན་ཤུགས་ཆེན་ལྡན་པའི་གསོ་ཚགས་དང་རྒྱུད་སྤེལ་གྱི་མཉམ་ལས་ཁང་ཞིག་རེད། མཉམ་ལས་ཁང་དེས“གྲོང་ཚོའི་མཉམ་སྡེབ་དང་། ཏང་ཀྲི་པུའུ། མཉམ་ལས་ཁང་། ཁོངས་མི་བཅས་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་པས། མང་ཚོགས་ཀྱི“ཡོང་འབབ”མང་དུ་ཕྱིན་ནས་མཐའ་མཚམས་སྲུང་སྐྱོང་གི་ཆོད་སེམས་དང་ཡིད་ཆེས་ཉིན་བཞིན་ཆེ་རུ་ཕྱིན་ཡོད།
མིག་སྔར། གམ་པ་རྫོང་དུ་ལུག་གསོ་ཚགས་མཉམ་ལས་ཁང་གི་སྡོམ་གསོས་རྟེན་གཞི་19གསར་དུ་བསྐྲུན་པ་དང་། རྟེན་གཞི་8སྒྱུར་བཀོད་རིམ་སྤར་བྱས་པ། སྲིད་འཛིན་གྲོང་ཚོ་29ཡི་དུད་ཚང་2368དང་མི་10135ཚང་མ་ས་གནས་དེ་གའི་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་དུ་ཞུགས་པས། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་། ཞིང་འབྲོག་པ་ཏང་ཡོན། མཐར་ལུས་དུད་ཚང་། དབང་པོ་སྐྱོན་ཅན་བཅས་གཅིག་ཀྱང་མ་ལུས་པར་མཉམ་ལས་ཁང་དུ་ཞུགས་ཐུབ་པ་བྱུང་ཡོད།
མཐའ་མཚམས་ཀྱི་འཐབ་ས་དང་པོར་དམག་འཐབ་མཁར་རྫོང་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱས་པ།
སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོར་མངོན་གསལ་དོད་པའི་ཤིང་ཁང་དམར་པོ་ཞིག་ཡོད་པ་དེ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཕྱུགས་འཚོ་ཞོར་མཐའ་མཚམས་ལ་སྐོར་གཡེང་བྱ་ཡུལ་ས་ཚིགས་ཤིག་ཡིན་ལ། མང་ཚོགས་ཀྱི་སེམས་ཀྱི་རྟེན་སའི་ངལ་གསོ་རྒྱག་ས་ཞིག་ཀྱང་ཡིན་པས། ཚང་མས“ཤིང་ཁང་དམར་པོ”ཞེས་འབོད་བཞིན་ཡོད།
“ཤིང་ཁང་དམར་པོ”འདི་ནི་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་གྱི་ཁང་པ་རྒྱག་སྟངས་བཞིན་བསྐྲུན་པ་ཞིག་ཡིན་པ་དེས་ཁྱུང་གླིང་གྲོང་ཚོ་དང་ལྷོ་པ་རིགས་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་གསོན་ཉམས་དོད་པོས་མཚོན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་ཕྱུགས་འཚོ་མཐའ་སྲུང་གི་བདེན་དཔང་ནུས་ལྡན་བྱས་པ་ཞིག་དེ་བས་ཀྱང་རེད།
“ཤིང་ཁང་དམར་པོ”བསྐྲུན་དོན་ནི། གྲོང་ཚོའི་ཏང་ཡོན་རྒན་གྲས་ཚོས་ལོ་ངོ་30ལྷག་ཙམ་ཉིན་གཅིག་ལྟར་ཕྱུགས་འཚོ་ཞོར་མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད་རེད། ཕྱུགས་འཚོ་ཞོར་མཐའ་མཚམས་སུ་སྐོར་གཡེང་བྱེད་པར་སྐྱོད་སྐབས། རི་རྩེར་སླེབས་རིམ་བཞིན་རྡོ་དཀར་གོང་གིས“ཀྲུང་གོ”ཞེས་པའི་མངོན་གསལ་དོད་པའི་ཡིག་འབྲུ་གཉིས་བཟོས་ཏེ་བདག་དབང་ཁྱབ་བསྒྲགས་བྱས་ནས་ཏང་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཏང་གི་གཞི་རིམ་རྩ་འཛུགས་མཐའ་སྲུང་མཐའ་བརྟན་གྱི་གཡུལ་ས་མདུན་མར་སྣུར་སྲིང་ཐུབ་པ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཏང་རྩ་འཛུགས་དང་ལས་དོན་ཚང་མར་ཁྱབ་པར་སྐུལ་འདེད་བཏང་ནས་མཐའ་མཚམས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཤིག་ཧུར་ཐག་བཏོད་ཡོད།
ལོ་ངོ་60ཡི་རིང་དཀའ་སྤྱད་ཁྱད་དུ་བསད། ལོ་ངོ་60ཡི་རིང་འབད་འབུངས་མདུན་སྐྱོད་བྱས། དུས་རབས་གསར་པའི་རྒྱང་ལམ་གསར་པར། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགན་འཁྲི་འཁུར་ཕོད་པ་དང་སྤོབས་སེམས་ཆེན་པོས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་དང་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ནས་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་གཞན་ལ་མི་ཤོར་བ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།