དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞུང་ལམ་ཤར་གཏོང་ཐུབ། དངོས་ཟོག་ས་མཐོར་འབྱོར།

    —— བོད་ཀྱི་ཟོག་འགྲེམས་ཐོན་ལས་ཀྱི་འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-10

    མྱུར་སྐྱེལ་གྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ས་མཐོའི་གྲོང་མིས་དྲ་ཐོག་ནས་ཅ་དངོས་གང་འདོད་ཉོ་ཐུབ་ཀྱི་ཡོད་ལ། རིག་ནུས་ཀྱིས་མྱུར་སྐྱེལ་ཟོག་འགྲེམས་ལ་མཐུན་རྐྱེན་སྦྱར་ནས་ཅ་དངོས་ཉིན་དེ་རང་དུ་ལག་འབྱོར་ཐུབ་པ་དང་། དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཀ་བྲེལ་འཚུབ་ཆེ་ཞིང་། ས་མཐོའི་སྤུས་ལེགས་དངོས་ཟོག་བོད་ནས་ཕྱིར་གཏོང་བའི་དགོས་མཁོ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་པ་སོགས་གསར་འགོད་པས་ཉིན་ཤས་གོང་བོད་ཀྱི་ས་ཆ་མང་པོར་བསྐྱོད་ནས་གངས་ལྗོངས་ས་མཐོའི་ཟོག་འགྲེམས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བའི་མྱོང་ཚོར་བྱུང་།

    “ཅ་ལག་སླེབས་སོང”སྔ་དྲོའི་ཆུ་ཚོད་10པར་སྦྲག་སྲིད་རླངས་འཁོར་ཞིག་ས་བབ་སྨི་5373ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ས་ཁུང་གྲོང་ཚོར་དལ་གྱིས་འབྱོར་ཞིང་། ཡུལ་མི་ཚོས་སྔ་ས་ནས་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་སྒུག་བཞིན་འདུག སྦྲག་པ་མིག་དམར་དབང་འདུས་ཀྱིས་རླངས་འཁོར་གྱི་སྒོ་ཕྱེ་ནས་ཧྲུན་ཧྥུང་དང་། ཅིང་ཏུང་། ཀྲུང་ཐུང་སོགས་མྱུར་སྐྱེལ་ཀུང་སི་མི་འདྲ་བའི་ཐུམ་སྒྲིལ་བཏོན་པ་དང་ཅ་དངོས་ལག་ཏུ་འབྱོར་བའི་ཡུལ་མི་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

    བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་རི་མཐོ་ཞིང་ལམ་ཐག་རིང་བས་བསྐུར་གླ་ལེན་པ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་རེད། “མཐའ་མའི་འགག་གནད”སེལ་ཆེད།

    2024ལོར་བོད་ལྗོངས་ལྷོ་ཁས“སྦྲག་སྲིད་དང་མྱུར་སྐྱེལ་གྱི་མཉམ་ལས”མ་ལག་གསར་གཏོད་བྱས་ནས་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)བཅས་རིམ་གསུམ་ཞབས་ཞུའི་མ་ལག་བཙུགས་པ་བརྒྱུད། “ཅ་དངོས་ཆུང་ངུ་དང་ཉུང་ངུའི་རིགས་སྤྱི་སྤྱོད་རླངས་འཁོར་ནས་དབོར་བ་དང་། ཅ་དངོས་ཆེ་བ་དང་མང་བའི་རིགས་སྦྲག་སྲིད་ནས་དབོར་བའི”མཐུན་སྦྱོར་སྡེབ་སྐྱེལ་ལམ་སྲོལ་ལག་ལེན་བསྟར་ནས་མྱུར་སྐྱེལ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྱིམ་གྱི་སྒོ་རྩར་སླེབས་ཐུབ་པ་བྱས་ཡོད།

    ཟོག་འགྲུལ་གྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་པ་མང་པོ་ཞིག་གིས་དྲ་ཐོག་ནས་ཅ་དངོས་གང་འདོད་དུ་ཉོ་ཐུབ་པ་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། ལྷོ་ཁ་གྲོང་ཁྱེར་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་འབོར་ཚད་ཁྲི་898.90ཟིན་ནས་དུས་མཚུངས་ལས་11.84%འཕར་བ་དང་། དེའི་ནང་མྱུར་སྐྱེལ་ལས་སྒོའི་འབོར་ཚད་ཁྲི་140ལས་བརྒལ་ནས་དུས་མཚུངས་ལས་155.45%འཕར་ཡོད།

    རིག་ནུས་སྒྲིག་ཆས་ཁྱབ་གདལ་བཀོལ་སྤྱོད་བྱས་པ་ལས་ས་གནས་དེ་གའི་ཟོག་འགྲུལ་ལས་རིགས་ལ་སྔར་བས་མཐུན་རྐྱེན་སྦྱར་ནས་ཟོག་འགྲུལ་གྱི་ལས་ཕྱོད་ཆེ་རུ་ཕྱིན་ཡོད།

    ཞོགས་པའི་ཆུ་ཚོད་8པར་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་ཅིང་ཏུང་རིག་ནུས་དབྱེ་གསེད་ལྟེ་གནས་ཀྱི་མཛོད་ཁང་དུ་རང་འགུལ་ཅན་གྱི་སྒྲིག་ཆས་དང་། རིག་ནུས་འཕྲུལ་མི། གྲངས་འཛིན་དོ་དམ་མ་ལག་བཅས་ཀྱིས་ཚོང་ཟོག་འདེམས་གསེས་དང་། ཐུམ་སྒྲིལ་རྒྱག་པ། སྐྱེལ་འདྲེན་སོགས་ཀྱི་ལས་ཀ་བྱེད་བཞིན་མཆིས། ཚོང་ཟོག་བྱུར་བུར་བླུགས་པའི་ཟོག་སྒྲོམ་དེ་རྐང་ལག་ཡོད་པ་བཞིན་མ་ལག་གི་བཀོད་གཏོང་འོག་མཛོད་ཁང་ནང་ཕར་འགྲོ་ཚུར་འོང་བྱེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དབྱེ་གསེད་ལྟེ་གནས་དེར་ཁྱོན“ས་སྤྱང”འཕྲུལ་མི་70བཀོད་སྒྲིག་བྱས་པས་ལས་ཕྱོད་ཧྲིལ་པོ་མི་ཐབས་ལས་ལྡབ་3མཐོ་རུ་ཕྱིན་ཡོད།

    རིག་ནུས་ཅན་གྱི་སྒྲིག་ཆས་རྒྱ་ཁྱབ་ངང་སྤྱོད་པ་དང་ལས་སྒྲུབ་ལས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས་མངགས་ཐོ་ལེགས་སྒྲུབ་བྱེད་པའི་དུས་ཡུན་རྒྱུན་ཆད་མེད་པར་ཐུང་དུ་ཕྱིན་པ་དང་ལྷ་ས་དང་ལྷོ་ཁ་སོགས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་རྒྱུན་སྤྱོད་ཚོང་ཟོག་སྣ་ཚོགས་ཉིན་དེ་རང་ལ་འབྱོར་གྱི་ཡོད།

    བོད་དུ་སྦྲག་བསྐུར་ལག་ཏུ་འབྱོར་མགྱོགས་སུ་ཕྱིན་པ་མ་ཟད། ཕར་བསྐུར་བའི་བགྲོད་ལམ་ཡང་སྔར་བས་ཤར་བགྲོད་ཐུབ་ཡོད།

    ཉིན་གུང་གི་མཚམས་སུ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་ནས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་བླུགས་པའི་ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུ་ཞིག་ཧུའུ་པེ་ཞིང་ཆེན་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་གི་ཕྱོགས་སུ་འཕུར། དུས་གཏན་གནམ་གྲུ་འབྱོར་རྗེས་དངོས་ཟོག་དག་སྐམ་སའི་སྐྱེལ་འདྲེན་ནམ་ཡང་ན“གནམ་གྲུ་བརྗེ་བ”བརྒྱུད་རྒྱལ་ཡོངས་ས་གནས་ཁག་ཏུ་མགྱོགས་མྱུར་བསྐུར་རྒྱུ་རེད། “མཁའ་དབྱིངས་ཀྱི་གསེར་ཟམ”དེ་གཟའ་འཁོར་རེའི་གཟའ་ཟླ་བར་གཏན་འཁེལ་གྱིས་འཕུར་གྱི་ཡོད་པ་དང་འཕུར་ཐེངས་གཅིག་ལ་དངོས་ཟོག་ཏུན་30ལྷག་ཙམ་དབོར་ཐུབ་ཀྱི་ཡོད།

    ད་ཆ་བོད་ཀྱི་ཁྱད་ལྡན་ཐོན་རྫས་དག་དྲ་ཐོག་དང་དྲ་ཕྱིར་བྲིན་ཁ་རྒྱུག་པོ་ཡོད་པས་ཟོག་འགྲུལ་གྱི་དགོས་མཁོ་ཡང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ལ། མཁའ་འགྲུལ་ཟོག་འདྲེན་གྱིས་དངོས་ཟོག་མགྱོགས་པོ་དབོར་ཐུབ་ཀྱི་ཡོད་པ་མ་ཟད། དངོས་ཟོག་དེ་བས་མང་བ་དབོར་ཐུབ་ཀྱི་ཡོད།

    མཁའ་འགྲུལ་བགྲོད་ལམ་ཕུད། རྒྱལ་སྒྲོལ་གྱི་སྐམ་ལམ་ཟོག་འགྲུལ་ཡང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས“ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར”གྱི་གཞུང་ལམ་དང་ལྕགས་ལམ་སྦྲེལ་མཐུད་སྐྱེལ་འདྲེན་གྱི་ཟོག་འགྲུལ་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། གཞུང་ལམ་དང་ལྕགས་ལམ་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཕན་ནུས་ཆེ་བའི་མཉམ་འགུལ་ཐུབ་ཡོད། ལོ་སྟོད་དུ། དབྱི་ཝུའུ་དང་ཀྲེང་ཀྲོའུ་སོགས་ནས་ཁྱོན“ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར”5བཏང་བ་དང་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.24ཟིན་ཡོད།

    སྐྱེལ་ཐུབ་པ་ནས་སྐྱེལ་མགྱོགས་སུ་ཕྱིན་པའི་བར་ཟོག་འགྲུལ་གྱི་བགྲོད་ལམ་རེ་རེས་ས་མཐོའི་སྤུས་ལེགས་དངོས་པོ་ཕྱིར་སྐྱེལ་བ་དང་སྦྲགས་གོ་སྐབས་ཀྱང་རག་པར་བྱས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།