དཀའ་ཚེགས་ཆེ་བའི་ལོ་ཟླ་ཕར་ལ་བསྐྱལ། འོད་སྟོང་འཕྲོ་བའི་འབྱུང་འགྱུར་འཛུམ་གྱིས་བསུ།
—— བོད་ཀྱི་མི་དམངས་ཀུང་ཧྲེ་དང་པོ་འཛུགས་ཡུལ་མཐོང་དགའ་སྡེ་ཁུལ་གྱི་འཕོ་འགྱུར་སྐོར་བཀོད་པ།
བོད་ཀྱི་མི་དམངས་ཀུང་ཧྲེ་དང་པོ་འཛུགས་ཡུལ་དང་བོད་ཀྱི་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་ཐོག་མ་ཡིན་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་མཐོང་དགའ་གྲོང་ཚོའི་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་ཐོག་མ་བཙུགས་པ་ནས་ད་ཆའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་1600ལྷག་ཙམ་ཟིན་པའི་བར་གྱི་འགྱུར་ལྡོག་ནི། སྤྱིར་བཏང་གཏན་ནས་མིན་པའི་ལོ་ངོ་དྲུག་ཅུའི་རིང་མཐོང་དགའ་སྡེ་ཁུལ་གྱི་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་བཟང་པོའི་འོག་མི་དམངས་གོང་དུ་བཀུར་བའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་དཀའ་སྤྱད་འབད་འཐབ་བྱས་པའི་གྲུབ་འབྲས་རེད།
སྲིད་བཟང་ཉི་གཞོན་དྲོན་མོ་ཡིས། ཞིང་བྲན་ཁྲི་ཚོའི་མུན་པ་བསལ།
1959ལོར། སྨག་རུམ་གྱིས་བསྒྲིབས་པའི་ས་གཞི་ཆེན་པོར་ཉི་འོད་འཕྲོས་པ་ལྟ་བུའི་དམངས་གཙོའི་བཅོས་སྒྱུར་གྱི་དྲིན་ལས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱ་ལས་བསྒྲལ་བ་དང་དུས་དེ་ནས་བཟུང་མུན་ནག་ནས་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་སྐྱོད་འགོ་ཚུགས། ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་དུས་བཟང་འདི་མཐོང་དགའ་སྡེ་ཁུལ་གྱི་བགྲེས་སོང་ཡེ་ཤེས་ཀྱི་ཡིད་ཀྱི་མེ་ལོང་ངོས་སུ་གསལ་པོར་ངེས་ཡོད། ཁོང་ལ་ས་ཞིང་གི་འཛིན་རག་དུས་དགའ་ཚོར་ཆེན་པོ་བྱུང་ནས་ལག་གཉིས་རང་དབང་མེད་པར་འདར་ཞིང་ཡང་རེ་ཞིག་སེམས་ཁྲལ་གྱི་ཀློང་དུ་ཚུད་པ་སྟེ། དེ་ཡང་དུད་ཚང་13ཡོད་ནའང་ཞིང་ལས་ཡོ་བྱད་ངོ་དྲག་པ་གཅིག་ཀྱང་མེད་པས་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཞིང་དུད་ལ་སོ་སོར་དབང་བའི་ས་ཞིང་ཡོད་པས་ཁོང་ཚོས་འཚོ་བ་གསར་པར་རེ་བས་ཁེངས།
1962ལོར། མཐོང་དགའ་ཤང་ཞ་འདམ་ཚོགས་ཆུང་གི་ཞིང་དུད་13གྱིས་ལག་གདང་སྦྲེལ་ནས་རོགས་རེས་ཚོགས་ཆུང་བཙུགས་ཤིང་། ཁོང་ཚོས་སེམས་ནུས་ཡོད་རྒུས་ཕན་ཚུན་རོགས་རེས་ཀྱིས་ས་རྒོད་གསར་སྦོལ་བྱས། ཀུན་སེམས་གཅིག་ཏུ་བསྒྲིལ་ནས་འབད་འབུངས་ཧུར་ཐག་བྱས་པས་ཐོན་འབབ་ལྡབ་འཕར་བྱུང་ཡོད། 1964ལོར། སྟོད་ལུང་བདེ་ཆེན་ཆུས་མཐོང་དགའ་སྡེ་ཁུལ་མཐོང་དགའ་ཤང་ཁྲུང་སེར་གྲོང་ཚོར་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གནས་ཚུལ་ཞིག་ཐོན་པ་སྟེ། བོད་ཀྱི་ལོ་རྒྱུས་ཐོག་གི་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་ཐོག་མ་ཡིན་པའི་མཐོང་དགའ་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། ལོ་མང་སོང་བའི་རྗེས། བགྲེས་སོང་ཡེ་ཤེས་ཀྱིས་འདས་དོན་ལ་ཕྱིར་དྲན་བྱེད་སྐབས་མིག་ལ་མཆི་ཞག་འཁོར་བཞིན་དུ“སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསླེབས་སོང་། ཁོང་ཚོས་མང་ཚོགས་ཀྱི་ལག་ནས་ཁབ་སྐུད་ཙམ་ཡང་ལེན་གྱི་མེད་པ་མ་ཟད། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དཀའ་སྤྱད་འབད་བརྩོན་བྱེད་པ་མཐོང་དུས། ང་ཚོས་ཀྱང་སོ་སོའི་ལག་གཉིས་ལ་བརྟེན་ནས་གནམ་ས་གསར་པ་ཞིག་གཏོད་དགོས་དང་དགོས”ཞེས་བརྗོད།
1965ལོའི་ཟླ་7ཚེས་18ཉིན། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་ཀུང་ཧྲེ་དང་པོ་ཡིན་པའི་མཐོང་དགའ་མི་དམངས་ཀུང་ཧྲེ་གཟབ་རྒྱས་ངང་བཙུགས་ཤིང་། སྐབས་དེ་དུས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་ཨུ་ཡོན་སྐུ་ཚབ་ཀྱི་འགན་བཞེས་བཞིན་པའི་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ས་ཆ་དངོས་སུ་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་བ་དེ་ཐོག་ནས་བོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་མཉམ་སྡེབ་ཅན་གྱི་དཔལ་འབྱོར་ལམ་བུ་འཚོལ་ཞིབ་བྱས་པར་འགག་རྩའི་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།
ཕུགས་འདུན་ནམ་ཡང་སེམས་སུ་བཅངས། རང་ཁ་རང་གསོའི་ཐབས་ལམ་བཏོད།
1967ལོར། མཐོང་དགའ་གྲོང་ཚོར་མཉམ་སྡེབ་གློག་ཁང་འཛུགས་འགོ་ཚུགས་ཤིང་། མཐོང་དགར་གློག་ཁྲིད་ཐུབ་པ་བྱ་ཆེད། བགྲེས་སོང་ཡེ་ཤེས་ཀྱིས་མི་བརྒྱད་ཁྲིད་དེ་ས་བབ་སྨི་4000ལྷག་ཙམ་ཟིན་པའི་ཀོང་པོ་བར་ལ་རྒྱག་དུས། དྲོད་ཚད་ཀླད་ཀོར་འོག་གི་20℃ཟིན་ནས་ལག་པར་འཁྱཌ་སྦོས་ཐེབས་ནའང་བཟོད་སྒོམ་བྱེད་པ་དང་ལམ་རྒྱགས་རྫོགས་ནའང་བློ་སྟོབས་མི་ཉམས་པར་གློག་ཤིང་ངོ་དྲག་པ་ཞིག་འཚོལ་བའི་ལམ་དུ་ཆས།
1968ལོར། ཉིན་མཚན་མང་པོ་དཀའ་བ་གྲངས་མེད་སྤྱད་པ་བརྒྱུད། རིང་ཚད་ལ་སྤྱི་ལེ་5ཡོད་པའི་ཆུ་ཡུར་གཞི་ནས་ཤར་གཏོང་ཐུབ་ཡོད། ཆན་ཝ་ཁྲི་55ཟིན་པའི་གློག་ཤར་གཏོང་ཐུབ་ནས་གློག་སྒྲོན་ལས་འོད་མདངས་ལམ་ལམ་འཚེར་བ་མཐོང་དུས། བློ་མཐུན་སྤེན་པའི་མིག་ཟུང་ལས་ཀྱང་བདེ་སྐྱིད་ཀྱི་འོད་སྣང་རབ་ཏུ་འཚེར། ཁོང་གིས་ལས་ཡུལ་བརྟན་པོར་སྲུང་བཞིན་དུ“ང་ཚོ་ནི་གངས་ལྗོངས་ས་མཐོའི་ཡུས་ཀུང་ཡིན་པས། དབུལ་ཕོངས་ཀྱི་བྲག་རྡོ་ངེས་པར་དུ་གཏོར་དགོས”ཞེས་གདེང་ཚོད་ཆེན་པོས་བརྗོད།
དུས་དེ་ནས་བཟུང་། མཐོང་དགའ་བས་འཁལ་འཐག་ཁང་དང་། ཆུ་འཐག་ཁང་། བྱ་གསོ་ར་བ་སོགས་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་མ་ཟད། “སྒུག་བརྟེན”གྱི་བསམ་བློ་དོར་ནས་བྱེ་རྡོ་ར་བ་བཙུགས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རང་ཁ་རང་གསོའི་ལམ་བུར་བསྐྱོད།
སྒྱུར་བཅོས་རླབས་རྒྱུན་དྲག་པོའི་ཁྲོད། དམར་མདངས་བཀྲ་བའི་ཏང་དར་གཡོ།
2004ལོ་ནི་མཐོང་དགའ་སྡེ་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་ལོ་ཞིག་རེད། ལོ་དེར་མཐོང་དགའ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་མཉམ་ལས་ཁང་གིས་མཉམ་སྡེབ་ཀྱི་ས་ཞིང་གཅིག་གྱུར་དོ་དམ་བྱས་ཤིང་། ཁེ་སྤོགས་བགོ་འགྲེམས་ལམ་ལུགས་ཁ་གསལ་བཟོས་པས་ཡུལ་མི་ཚང་མས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཡོད། གྲངས་གནས་བཞི་ཡི་ཁེ་སྤོགས་དངུལ་སྨར་རྩིས་པ་རྒན་རྒོན་གྱི་ལག་ཏུ་འབྱོར་དུས། སེམས་འགུལ་ཚད་མེད་ཐེབས་ཏེ་ལག་པ་འདར་སིག་སིག་བྱེད་དོན་ནི་གཞོན་དུས་ལས་ཀའི་སྐར་མའི་ཐོབ་གྲངས་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་པས་རེད། སྐབས་དེ་དུས་ཧྲུའུ་ཅི་ཨ་ནུའུ་ཡིས་གཞོན་ནུ་ཚོའི་སྣེ་ཁྲིད་དེ་ཚོང་ལམ་གཏོད་པར་བྲེལ། ཟོག་འགྲུལ་གླིང་གི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་བསྟུན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་འགོ་ཚུགས། 2017ལོར། ཁེ་སྤོགས་བགོ་འགྲེམས་ཚོགས་འདུའི་ཐོག་མཐོང་དགའ་སྡེ་ཁུལ་གྱི་བགྲེས་སོང་ཞིག་གིས་སེམས་འགུལ་ཐེབས་བཞིན་དུ“སྐབས་དེ་དུས་གྲངས་གནས་བཞི་ནི་བསམ་མི་ཕོད་པ་ཞིག་རེད། ད་ཆ་ང་ཚོ་ཕྱུག་པོ་ཆགས་ཡོད”ཅེས་བརྗོད།
གྲུབ་འབྲས་འདི་དག་ནི་ཏང་གི་སྲིད་ཇུས་བཟང་པོའི་འོག་མཐོང་དགའ་བའི་དཀའ་སྤྱད་རྔུལ་ཆུ་ལས་ཐོབ་པ་ཞིག་རེད། མཉམ་སྡེབ་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། 2024ལོའི་ལོ་མཇུག་བར། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1600ལྷག་ཙམ་ཟིན་ཡོད། གསོ་ཚགས་མཉམ་ལས་ཁང་དང་བྱེ་རྡོ་ར་བ་སོགས་ཀྱི་གཉེར་སྐྱོང་ཐབས་ལམ་མང་པོ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མུ་མཐུད་སྟོབས་ཆེ་རུ་ཕྱིན་ཡོད། 2009ལོའི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་300ལྷག་ཙམ་ནས་ད་ཆ་སྒོར་དུང་ཕྱུར་བར་འཕར་ཡོད།
འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཤིང་། སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་གྱི་30%ལྷག་ཙམ་མང་ཚོགས་ལ་བགོ་འགྲེམས་རྒྱག་གི་ཡོད། 2024ལོར། ཐེམ་ཐོ་དེ་རང་ནས་ཡིན་པའི་ཡུལ་མི་མི་རེར་དངུལ་སྨར་སྒོར་6000བགོ་འགྲེམས་བརྒྱབ་པ་དང་ཐེམ་ཐོ་ཕྱི་ནས་བསྒྱུར་ཡོང་བའི་མི་རེར་དངུལ་སྒོར་3000བགོ་འགྲེམས་བརྒྱབ་ཡོད། དེ་དང་ཆབས་ཅིག ཐེམ་དུད་288ཀྱི་ཡུལ་མི་དང་ལས་དོན་པ་585དང་སྡེ་ཁུལ་གྱི་ཟ་ཁང་ལ་རིན་ཐང་སྒོར་ཁྲི་16ལྷག་ཙམ་རི་བའི་མར་སྤྲད་ཡོད། ལོ་འཁོར་འདིར་བགོ་འགྲེམས་བརྒྱབ་པའི་དངུལ་འབོར་སྒོར་ཁྲི་533ལྷག་ཙམ་ཟིན་ཡོད།
དམངས་འཚོར་འགན་སྲུང་བརྟན་པོ་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་དང་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད། 2025ལོར་འགན་བཅོལ་ལ་ཞུགས་ཚད་100%(སྨན་བཅོས་འགན་བཅོལ་མི་རེར་སྒོར་400ཟིན་པ་དང་མི་709འགན་བཅོལ་ལ་ཞུགས་པ་དང་། རྒན་གསོའི་འགན་བཅོལ་མི་རེར་སྒོར་200ཟིན་པ་དང་མི་387འགན་བཅོལ་ལ་ཞུགས་ཡོད)ཟིན་ཡོད།
མི་རྣམས་ཀྱིས་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བ་ཞིག་ནི་སྐྱེ་ཁམས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་རེད། སྡེ་ཁུལ་བྱང་ངོས་ཀྱི་ལྷ་རི་སྔོན་ཆད་སྔོག་འདོན་བྱས་དྲགས་པའི་རྐྱེན་གྱིས་ཐང་རྒོད་དུ་གྱུར། 2012ལོར་ཡུལ་མིའི་ཚོགས་འདུའི་ཐོག་ཧྲུའུ་ཅི་ཨ་ནུའུ་ཡིས་ལོ་ལྟར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནས་10%བཏོན་ཏེ་ལྷ་རིའི་སྐྱེ་ཁམས་སླར་གསོ་ཐུབ་རྒྱུའི་ཁས་བླངས། ལོ་བཅུ་ཡི་རིང་། མ་དངུལ་སྒོར་ཁྲི་3000བཏང་ནས་ལྗོན་ཤིང་ཐེངས་6000ལྷག་ཙམ་བཙུགས་པ་དང་འབྲས་བུ་ཤིང་མུའུ་2600བཙུགས་ཤིང་། ད་ཆ་ཆུ་གསོག་རྫིང་བུ་8བཟོས་པ་དང་ཆུ་མདོང་སྨི་6000ཁྲིད་པ་དང་ར་སྐོར་སྨི་36000བསྐོར་ནས་སྔོ་ལྗང་གི་རི་ཀླུང་སྲུང་བཞིན་ཡོད། རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་དང་ཚར་དུ་དངར་བའི་སྔོ་ལྗང་ལྗོན་ཤིང་གིས་ཁྱིམ་གཞིས་ཡོངས་སུ་བརྒྱན།
དྭངས་གཙང་གི་མཐོང་དགའི་བདེ་སྐྱིད་སྡེ་ཁུལ་དུ་སྔོན་མའི་ས་ཁང་གི་རྗེས་ཤུལ་མཐོང་རྒྱུ་མེད་ཅིང་། ཁ་ལོ་བའི་སློབ་གྲྭའི་ནང་གཞོན་ནུ་ཚོས་རླངས་འཁོར་གཏོང་བཞིན་རེ་བས་ཁེངས་པའི་ངང་མདུན་ཕྱོགས་སུ་སྐྱོད་པ་དང་། འོད་ནུས་ཤེལ་ལེབ་ལས་ཚན་རྩལ་གྱི་འོད་ཟེར་འཕྲོ་བཞིན་མཆིས།
ཐེམ་དུད་13ལས་གྲུབ་པའི་རོགས་རེས་ཚོགས་ཆུང་ནས་ཁྲི་ཆིག་སྟོང་རིམ་པའི་མཉམ་སྡེབ་དཔལ་འབྱོར་བར་དང་། མཆོད་མེ་ནས་འོད་ནུས་ཤེལ་ལེབ་བར། མཐོང་དགའི་གཏམ་རྒྱུད་ནི་ས་མཐོའི་ནས་དང་འདྲ་བར་བགྲང་བྱ་དུ་མའི་དྲག་ཆར་རླུང་འཚུབ་ཁྲོད་སྔར་བས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། མི་རྣམས་ཀྱི་སེམས་སུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ས་མཐོའི་ཞིང་ས་གཤིན་པོར་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་པོར་ཚུགས་ནས་རེ་བའི་འབྲས་བཟང་སྨིན་དུས་བདེ་སྐྱིད་ཀྱི་ལམ་བུར་སླར་ཡང་འོད་སྟོང་འཕྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།