དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན། ལི་ཞའོ་ཆིང་།   |     སྤེལ་དུས།  2025-08-10

    ཞོགས་པར་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་ཀོང་དབྱང་གྲོང་རྡལ་ཞུས་ཁྲང་གྲོང་ཚོར་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་དང་རོལ་ཆའི་འགྱུར་ཁུག་སྙན་ཞིང་འཇེབས་པ་གྲགས། ཕའོ་ཐུང་ཤིང་གིས་བཟོས་པའི་པི་ཝང་སོགས་རྒྱལ་ཁབ་ཕྱི་ནང་དུ་ཕྱིར་ཚོང་བྱས་པར་དུད་ཚང་བརྒྱ་ལྷག་ཙམ་ཡོད་པའི་དབུལ་སྒྲོལ་གྲོང་ཚོ་འདིར་མི་རིགས་ཀྱི་རོལ་ཆའི་ལས་སྣོན་ཐོན་ལས་ཀྱི་ལོ་རེའི་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར་1.5ལས་བརྒལ་ཏེ། གྲོང་ཚོའི་དུད་ཚང་བཅུ་ཆ་དགུ་ཡན་ལ་ཐོན་ལས་དེ་ལས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།

    ཕའོ་ཐུང་ཤིང་ཕྱུག་འགྱུར་གྱི་ཐབས་ལམ་དུ་གྱུར་པ་ནི“ལོ་ལྔ་ཚན་བཅུ་བཞི་པའི”རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བསྡུས་རིས་ཤིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་ཀྱི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་རེ་ལྟོས་ཡོད་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོར་མི་འགྱུར་བར་འགན་ལེན་བྱེད་དགོས”ཞེས་ཀྱང་བསྟན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་རྗེས། ཏང་ཀྲུང་དབྱང་གིས་ལོ་ལྔའི་བར་བརྒལ་དུས་རིམ་བཟོས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྦྲེལ་མཐུད་དང་སྐུལ་འདེད་བཏང་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་མུ་མཐུད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

    དབུལ་སྒྲོལ་རྫོང་གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2020ལོའི་སྒོར་12588ནས་2024ལོའི་སྒོར་17522བར་འཕར་ཡོད།

    ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་སྤུས་འབྲས་ལ་ལྟ་ཞིབ་བྱས་ནས། “བདེ་འཇགས་དྲ་བའི”ཚགས་དམ་དུ་བཏང་སྟེ་དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་པ།

    རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་མང་ཤོས་ཡིན་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡུན་ནན་ཀྲའོ་ཐུང་དུ་ལུའུ་ཏེན་རྫོང་ཝུན་ཕིང་ཁྲོམ་གཞུང་གི་དབུལ་སྒྲོལ་དུད་ཚང་དབྱང་ཆིང་ཧྥུའི་བཟའ་ཟླར་2021ལོར་ནད་གཞི་ཚབས་ཆེན་ཕོག་ནས་གཤགས་བཅོས་བྱེད་དགོས་བྱུང་སྟེ། ཁྱིམ་ཚང་དབུལ་ལོག་ཡོང་ཉེན་ཆེ་བའི་གནས་སུ་གྱར་ཡོད།

    དྲ་མིག་མི་སྣས་དུད་ཚང་དུ་བསྐྱོད་དེ་ཤེས་རྟོགས་བྱས་རྗེས། འཕྲལ་དུ་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ལག་བསྟར་བྱེད་འགོ་བཙུགས་ནས་དབྱང་ཆིང་ཧྥུའུ་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་པ་མ་ཟད། སྨན་བཅོས་འགྲོ་གྲོན་རྩ་ཆག་དང་ཆག་ཡང་མང་པོ་བཏང་ཡོད། དབྱང་ཆིང་ཧྥུའུ་ཡིས“དངོས་གནས་དུས་ཐོག་ཆར་པ་བབས་པ་ལྟར་བྱུང་སོང”ཞེས་བཤད།

    བར་བརྒལ་དུས་མཚམས་སུ་སླེབས་པ་ནས་བཟུང་། ས་གནས་ཁག་གིས་དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་བྱེད་པར་སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས་ཉེན་ཁ་ཤེས་རྟོགས་བྱེད་པ་ནས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པའི་བར། སྤུས་ཚད་དང་ཕན་འབྲས་གཉིས་ཀ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    དམངས་འཚོ་འགན་སྲུང་གི་ཆུ་ཚད་ལ་ལྟ་ཞིབ་བྱས་ཏེ། དམངས་འཚོའི་ཞན་ཆ་བསལ་ནས་བདེ་སྐྱིད་ཀྱི་རྩ་བ་ཚུགས་པར་བྱས་པ།

    “གྲོང་ཚོར་མཉམ་སྤྱོད་ཟ་ཁང་དང་བུ་བཅོལ་ཁང་ཡོད་ལ། གཏེར་ཆུའི་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱས་པས། ཚང་མའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད” རང་བྱུང་ཐོན་ཁུངས་པུའུ་ཡི་དམིགས་འཛུགས་རོགས་སྐྱོར་ལས་གྲོང་ཚོར་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་རྫོང་ཆུས་ཞ་ཐན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞེ་རུའེ་ཧྲན་ལ་བརྗོད་མི་ཚར་བའི་གཏམ་ཤོད་རྒྱུ་ཡོད།

    2022ལོར་ཞ་ཐན་གྲོང་ཚོའི་འཆར་འགོད་ལ་ཆོག་མཆན་ཐོབ་ཅིང་། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཝང་ཕིང་གིས་2024ལོར་གཏེར་ཆུ་སྔོག་འདོན་བྱེད་དབང་དང་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་སྤྱོད་དབང་གསར་གཏོད་སྡེབ་སྒྲིག་གི་རྣམ་པའི་ཐོག་ནས་ནང་བཤུག་གཏོང་བར་སྐུལ་འདེད་བཏང་སྟེ། སྒོར་ཁྲི་420.1གི་ཐོག་ནས་ཚོང་འགྲིག་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཚམས་སུ། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་མུ་མཐུད་སྲ་བརྟན་དང་མཐོ་རུ་བཏང་བས། དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། དབུལ་སྒྲོལ་ཁྱིམ་ཚང་དང་དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མཚམས་ཆད་པའི་སློབ་མ་སྐབས་བསྟུན་གཙང་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་། དབུལ་སྒྲོལ་མི་འབོར་དང་དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དག་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་99%ཡན་རྒྱུན་འཁྱོངས་བརྟན་པོ་བྱུང་ཡོད།

    རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པར་ལྟ་ཞིབ་བྱས་ནས། ཐོན་ལས་ལས་ཞུགས་ཀྱི་ཐབས་ལམ་གསར་པ་རྒྱ་བསྐྱེད་དེ་འབབ་འཕར་ཕྱུག་འགྱུར་རྒྱུན་མཐུད་ཡོང་བའི་འགན་ལེན་བྱས་པ།

    ལན་ཁའོ་རུ་ནན་ཀྲང་གྲོང་རྡལ་གྱི་ཐུན་མོང་ཕྱུག་འགྱུར་གྱི་བཟོ་ཁང་ཞིག་གི་གཏམ་རྒྱུད་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཤོད་ཀྱི་ཡོད། “སྔོན་ཆད་སླེལ་པོ་བསླས་ནས་རང་ཁྱིམ་དུ་སྤྱོད་ཀྱི་ཡོད་མོད། འོན་ཀྱང་ད་ཆ་འབབ་འཕར་གྱི་ཐབས་ལམ་ཞིག་ཏུ་གྱུར་ཡོད”ཅེས་ཐུན་མོང་ཕྱུག་འགྱུར་བཟོ་ཁང་གི་ལོ་70ལྷག་ཙམ་ལ་སླེབས་པའི་དབུལ་སྒྲོལ་བ་ལི་ཆིན་གྱིས་བཤད།

    ད་ཆ་ལན་ཁའོ་རུ་ཐུན་མོང་ཕྱུག་འགྱུར་གྱི་བཟོ་ཁང་304བསྐྲུན་ནས་མི་ཁྲི་2.39ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དེའི་ནང་དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་མི་3366ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཚམས་སུ། དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་སོང་ནས། དབུལ་སྒྲོལ་རྫོང་ཚང་མས་ལེགས་ཆ་དང་ཁྱད་ཆོས་མངོན་གསལ་དོད་ལ་སྐུལ་ཁྲིད་ནུས་པ་ཅུང་ཆེ་བའི་གཙོ་ཁྲིད་ཐོན་ལས་2ནས་3བར་སྐྱེད་སྲིང་བྱས་པས། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.7ལས་བརྒལ་ཡོད། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་ནུས་པ་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ནས་ལས་བཟོའི་ལས་ཞུགས་ཀྱི་གཞི་ཁྱོན་ལོ་བཞི་བསྟུད་མར་མི་ཁྲི་3000ཡན་བརྟན་པོ་བྱུང་ཡོད།

    འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལོ་ལྔའི་བར་བརྒལ་དུས་མཚམས་ཀྱི་ལོ་མཐའ་མ་རེད། ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། གོམ་སྟབས་རྗེས་མར་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཐོན་ལས་ལས་ཞུགས་རོགས་སྐྱོར་ལ་དམ་འཛིན་ནན་པོ་བྱེད་པ། མཉམ་སྒྲུབ་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ། རོགས་སྐྱོར་སྲིད་ཇུས་ལེགས་སུ་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ནུས་ཤུགས་འདོན་རྒྱུར་སྐུལ་འདེད་བཏང་སྟེ། བར་བརྒལ་དུས་མཚམས་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་བསྒྲིལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།