ཞི་ཅིན་ཕིང་གིས་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་གི་ཆུ་ལོག་གི་གནོད་འཚེར་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།
ཐབས་བརྒྱ་ཇུས་སྟོང་ངང་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲུབ་འགོག་གུད་སྐྱོབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་མང་ཚོགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས།
ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་7ཉིན་ནས་བཟུང་། ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་སོགས་སུ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་གི་གནོད་འཚེ་ཕོག་སྟེ། ཚེས་8ཉིན་གྱི་ཆུ་ཚོད་15དང་སྐར་མ་30བར་མི་10རྐྱེན་ལམ་དུ་སོང་བ་དང་མི་33འབྲེལ་བ་ཆད་ཡོད། གནོད་འཚེ་ཕོག་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་ཡང་གནང་ནས་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་སོགས་སུ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་གི་གནོད་འཚེ་ཕོག་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ནི་ཐབས་བརྒྱ་ཇུས་སྟོང་ངང་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་འཕྲིན་གཏོང་དང་འགྲིམ་འགྲུལ་སླར་གསོ་གང་མགྱོགས་ཐུབ་པར་བྱེད་དགོས། ཉེ་དུས་ཆར་པ་མང་པོ་བབས་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ས་ཁུལ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྣང་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ཉེན་བརྡ་སྔོན་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་སྡོད་བྱར་ཤུགས་སྣོན་རྒྱག་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲུབ་འགོག་གུད་སྐྱོབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མང་ཚོགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་འབྲེལ་ཆད་དང་ཉེན་གྱར་མི་སྣ་གྲལ་བཤེར་དང་འཚོལ་སྐྱོབ་ཧུར་ཐག་བྱེད་པ་དང་། ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ། འཕྲིན་གཏོང་དང་འགྲིམ་འགྲུལ་སོགས་གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་བཟོ་གང་མགྱོགས་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་འཕྲལ་དུ་གནས་སྤོ་བཀོད་སྒྲིག་བཅས་བྱེད་དགོས། མིག་སྔར“ཟླ་བ་བདུན་པའི་ཟླ་སྨད་དང་ཟླ་བ་བརྒྱད་པའི་ཟླ་སྟོད”ཀྱི་འབྲུབ་འགོག་གི་འགག་རྩའི་དུས་སུ་སྔར་བཞིན་གནས་ཡོད་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་དོགས་ཟོན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ། ཆར་པའི་གནས་ཚུལ་དང་འབྲུབ་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་བ་དང་གནོད་འཚེ་འགོག་ཟོན་དང་གནོད་འཚེར་ཁ་གཏད་གཅོག་པར་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བཅས་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུས་ལས་དོན་ཚོགས་ཆུང་ས་ཡུལ་དངོས་སུ་འཚོལ་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་ཀན་སུའུ་ཞིང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཀྱང་ས་ཡུལ་དངོས་སུ་ཉེན་སེལ་གུད་སྐྱོབ་ལས་དོན་ལ་བཀོད་གཏོང་དང་བཀོད་འདོམས་བྱས་ཤིང་། མིག་སྔར་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།