དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་དང་གླེང་མོལ་བྱས་པ།

    འཛམ་གླིང་ཡང་རྩེར་ས་མཐོའི་སྐྱེ་ཁམས་ཀྱི་གསང་བ་འཚོལ་ཞིབ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2025-08-09

    འདི་ནི་ལྷག་ཆུང་གིས་ཕྱི་རོལ་དུ་རྟོག་ཞིབ་བྱེད་བཞིན་པ།

    བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གིས་མཚོ་བོད་ས་མཐོར་རྩ་བ་ཚུགས་ནས་བགྲང་བྱ་30ལྷག་ཙམ་རིང་ས་མཐོའི་སྐྱེ་ཁམས་ལ་ཞིབ་འཇུག་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཁོར་ཡུག་ཧ་ཅང་ཞན་པའི་རྩི་ཤིང་གི་མཐུན་འཕྲོད་རང་བཞིན་གྱི་འཕེལ་འགྱུར་ཞིབ་འཇུག་ལས་ལ་གཞོལ་བཞིན་ཡོད། གཞན་ཡང་། ཁོང་གིས་རྩི་ཤིང་རིག་པ་མཁས་ཅན་ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་འདས་པོའི་འདུན་པ་རྒྱུན་འཛིན་བྱས་ཏེ། བོད་ཀྱི་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་དང་མཐོ་སློབ་ཀྱི་རིག་ཚན་འཛུགས་སྐྱོང་ལ་དོ་ཁུར་གྱིས་ཧྥུའུ་ཏན་སློབ་ཆེན་དང་མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད་གཞོན་ནུ་མཁས་དབང་ཚོར་ལས་སྟེགས་བསྐྲུན་ནས། ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ལས་དོན་མི་རབས་ནས་མི་རབས་བར་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    ལྷག་ཆུང་གིས་རིག་གཞུང་གི་ལམ་བུ་ཇི་ལྟར་འབྱེད་ཡོད་དམ། ཁོང་ཚན་རིག་ཞིབ་འཇུག་གི་ལས་དོན་པ་ཞིག་ཏུ་ཇི་ལྟར་གྱུར་ཡོད་དམ། ཁོང་གི་ལས་ཀར་རིན་ཐང་དང་དོན་སྙིང་ཅི་ཞིག་ཡོད་པ་བཅས་ཀྱི་སྐོར་གསར་འགོད་པས་ལྷག་ཆུང་ལ་བཅར་འདྲི་ཞུས།

    “ཆུང་དུས་སུ་ཕྱི་རོལ་ནས་རི་མཐོའི་རྩི་ཤིང་མཐོང་བའི་སྣང་ཚུལ་རྟག་ཏུ་ཡིད་ལ་འཆར་གྱི་འདུག”

    དྲི་བ། ཁྱེད་རང་བོད་དུ་འཚར་ལོངས་བྱུང་བས། ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དེས་ཁྱེད་ཀྱིས་འབྲེལ་ཡོད་ཞིབ་འཇུག་བྱ་རྒྱུར་སྐུལ་མ་ཐེབས་ཡོད་དམ། ཞིབ་ཕྲའི་བརྒྱུད་རིམ་གང་དག་གིས་ཁྱེད་རང་ཁྱབ་ཁོངས་འདིར་ཞུགས་རྒྱུའི་སེམས་ཐག་བཅད་པ་ཡིན་ནམ།

    ལན། མཐོ་རྒྱུགས་བཏང་རྗེས་ངས་ལྷོ་ནུབ་དགེ་འོས་སློབ་ཆེན(ད་ལྟའི་ལྷོ་ནུབ་སློབ་ཆེན)གྱི་སྐྱེ་དངོས་རིག་པའི་དགེ་འོས་ཆེད་ལས་ལ་ཐོ་བཀོད་པ་ཡིན། སློབ་གྲྭ་ཐོན་རྗེས་ང་རང་བོད་ལྗོངས་སློབ་ཆེན་དུ་སྐྱེ་དངོས་རིག་པའི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀ་བྱེད་པར་ལས་བགོས་བརྒྱབ་ནས་ད་བར་ལོ་སུམ་ཅུ་ལྷག་ཙམ་འགྲོ་གི་འདུག སྐྱེ་དངོས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཆེན་པོ་ཡོད་མོད། འོན་ཀྱང་དེའི་ཁྲོད་ནས་རང་ཉིད་ཀྱི་དགའ་ཕྱོགས་ཏེ། ས་མཐོའི་རྩི་ཤིང་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱ་རྒྱུའི་བློ་སྐྱེས་བྱུང་།

    ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་སྐབས་ཀྱང་ངས་ཞིབ་འཇུག་བྱེད་པའི་བརྗོད་དོན་གཙོ་བོ་ནི་བོད་ལྗོངས་དང་འབྲེལ་བ་ཡོད་ཅིང་། གཙོ་བོ་ས་བབ་མཐོ་བའི་རྩི་ཤིང་སྣ་མང་རང་བཞིན་གྱི་ཁྱབ་ཚུལ་ཡིན་པ་དང་། ལྷག་པར་དུ། ས་བབ་མཐོ་ཚད་མི་འདྲ་བའི་རྩི་ཤིང་སྣ་མང་རང་བཞིན་གྱི་གྲུབ་ཚུལ་འགྱུར་ལྡོག་དང་དེ་ལས་བྱུང་བའི་སྐྱེ་ཁམས་རྐྱེན་ཆའི་འབྲེལ་བ་ནི་ངའི་རབ་འབྱམས་པའི་དཔྱད་རྩོམ་གྱི་ནང་དོན་གལ་ཆེན་ཞིག་ཡིན། ཞིབ་འཇུག་བྱ་གཞི་འདིར་ཞིབ་འཇུག་བྱེད་སྐབས། རང་ཉིད་ཆུང་དུས་སུ་ཕྱི་རོལ་ནས་རི་མཐོའི་རྩི་ཤིང་མཐོང་བའི་སྣང་ཚུལ་རྟག་ཏུ་ཡིད་ལ་འཆར་གྱི་འདུག

    ཕལ་ཆེར་མི་ཚེའི་ཁ་ཕྱོགས་དེ་ཅི་སྣང་བ་མེད་པར་གཏན་འཁེལ་ནས་འབྱུང་འགྱུར་གྱི་ལམ་བུར་ཤུགས་རྐྱེན་ཐེབས་པ་འདྲ།

    དྲི་བ། དགེ་རྒན་ཆེ་མོ་བ་ཀྲུང་ཡང་གིས་གསོ་སྐྱོང་བྱས་པའི་འབུམ་རམས་པ་ཞིག་ཡིན་པའི་ངོས་ནས་ཁོང་གི“ས་བོན་གྱི་སྙིང་སྟོབས”ཀྱིས་ཁྱེད་ཀྱི་རིག་གཞུང་འདུ་ཤེས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་དམ།

    ལན། དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི“ས་བོན་གྱི་སྙིང་སྟོབས”ལས་ང་ལ་རིག་གཞུང་ཞིབ་འཇུག་ལ་ངོས་འཛིན་གསར་པ་བྱུང་བ་དང་ཁོང་གིས་ངའི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་།

    “རིག་གཞུང་གི་ལས་དོན་སྤེལ་བར་རབ་འབྱམས་པའི་སློབ་གནས་ཡོད་པ་ཙམ་གྱིས་མི་འགྲིག་པས། ངའི་སར་འབུམ་རམས་པ་སློབ་གཉེར་བྱེད་འདོད་འདུག་གམ”ཞེས་རྒན་ཀྲུང་ལགས་དང་ངོ་ཤེས་མ་ཐག་པའི་སྐབས་སུ་ང་ལ་དེ་ལྟར་སྐུལ་ལྕག་གནང་བ་ཡིད་ལ་ཝ་ལེར་འཆར་བཞིན་འདུག

    རྒན་ཀྲུང་ལགས་བོད་དུ་ཡོང་རྒྱུའི་གདམ་ག་བྱས་དོན་ནི་མཚོ་བོད་ས་མཐོར་འཛམ་གླིང་ཐོག་ཆེས་ཕུན་སུམ་ཚོགས་པའི་རི་མཐོའི་རྩི་ཤིང་གི་ཐོན་ཁུངས་ཡོད་པས་ཡིན་མོད། འོན་ཀྱང་འཛམ་གླིང་གི་སོན་རྒྱུའི་ཐོན་ཁུངས་མཛོད་ཆེ་ཤོས་ཁྲོད་རྩི་ཤིང་དེ་དག་གི་ས་བོན་མེད་པ་དང་ཁོང་གི་ངོས་ནས་བརྗོད་ན་ངེས་པར་དུ་སྟོང་ཆ་དེ་གསབ་དགོས་ཀྱི་ཡོད་པས་རེད།

    རྒན་ཀྲུང་ལགས་ཀྱི་སྙིང་སྟོབས་ཀྱིས་ང་ལ་སེམས་འགུལ་དང་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་ལ། ཁོང་གི་སློབ་མར་གྱུར་བས་ཆེད་ལས་ཀྱི་མཛུབ་སྟོན་ཐོབ་པ་མ་ཟད། བསམ་བློའི་ཐད་ལའང་དེ་བས་སྐུལ་ལྕག་ཀྱང་ཐེབས་བྱུང་།

    “ལས་ཀར་དཀའ་ངལ་ཇི་ལྟར་ཆེ་རུང་དེ་སྒྲུབ་མཁན་ཞིག་ཡོད་དགོས”

    དྲི་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་ཞིབ་འཇུག་བྱེད་པར་དུས་ཡུན་རིང་པོར་ཧ་ཅང་ཞན་པའི་ཁོར་ཡུག་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད་པས་ཁྱེད་ལ་དཀའ་ངལ་གང་དག་འཕྲད་མྱོང་ཡོད་དམ། དཀའ་ངལ་འདི་དག་ཁྱད་བསད་ཇི་ལྟར་བྱས་པ་ཡིན་ནམ།

    ལན། ཕྱི་རོལ་གྱི་ཚན་རིག་རྟོག་ཞིབ་ལས་ཀ་བྱེད་རྒྱུར་དཀའ་ངལ་ཆེན་པོ་ཡོད། འོན་ཀྱང་དཀའ་ངལ་ཇི་ལྟར་ཆེ་རུང་། དེ་སྒྲུབ་མཁན་ཞིག་ཡོད་དགོས།

    ཐེངས་ཤིག་རང་ཉིད་རྒན་ཀྲུང་ལགས་དང་མཉམ་དུ་ཇོ་མོ་གླང་མའི་ཁུལ་དུ་རི་མཐོའི་རྩི་ཤིང་འཚོལ་བསྡུ་བྱེད་པར་འགྲོ་སྐབས། རྒན་ཀྲུང་ལགས་མགོ་ན་བ་དང་། དབུགས་ཧལ་བ། ལུས་པོ་ཡོངས་ལ་ཤུགས་མེད་པ་བཅས་ཀྱི་ས་མཐོ་མ་འཕྲོད་པའི་དཀའ་ངལ་ཚབས་ཆེན་འཕྲད་ནས་ང་ཚོ་ཚང་མས་ཁོང་ལ་སྦྲ་གུར་ནང་ངལ་གསོ་རྒྱག་དགོས་ལུགས་བཤད་མོད། འོན་ཀྱང་ཁོང་གིས“ངས་རྩི་ཤིང་གི་གནས་ཚུལ་གསལ་ཤོས་ཤེས་པས། ང་རང་མ་ཕྱིན་ན་ཁྱེད་ཚོར་དེ་བས་རྙེད་ཁག་པོ་རེད”ཅེས་བཤད་མཐར་ཁོང་གིས་ང་ཚོ་ཁྲིད་ནས་ཇོ་མོ་གླང་མའི་བྱང་འདབས་ནས་ས་བབ་མཐོ་ཤོས་སུ་སྐྱེས་པའི་ས་བོན་རྩི་ཤིང་ཀོན་པ་གབ་ཆུང་ཞེས་པ་འཚོལ་བསྡུ་ཐུབ་པ་རེད།

    དྲི་བ། ཉེ་དུས་ཁྱེད་ལ་ཐོབ་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འགའ་དང་ཟུང་འབྲེལ་བྱས་ནས་ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ཁྲོད་ཞིབ་འཇུག་བྱེད་ཐབས་གསར་པ་བཀོལ་སྤྱོད་ཇི་ལྟར་བྱེད་པའི་སྐོར་གླེང་ན་འགྲིག་གམ།

    ལན། མིག་སྔར། ངའི་ལས་ཀ་གཙོ་བོ་མཚོ་བོད་ས་མཐོའི་རྩི་ཤིང་སྣ་མང་རང་བཞིན་དང་དཔེ་མཚོན་སྐྱེ་དངོས་རིགས་དང་འཚམ་པའི་ལམ་སྲོལ་དེ་ལ་དམིགས་ཡོད། ང་དང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་དཔུང་ཁག་གིས་རྩི་ཤིང་སོག་ཀ་མ་དཔེར་བྱས་ནས་ས་བབ་མཐོ་བའི་ཧ་ཅང་ཞན་པའི་ཁོར་ཡུག་ནང་རྩི་ཤིང་གི་མཐུན་འཕྲོད་རང་བཞིན་གྱི་འཕེལ་འགྱུར་ཐད་ཞིབ་འཇུག་བྱས་པ་ཡིན། ང་ཚོས་གཞི་རྒྱུའི་རིམ་ངོས་ལ་ཞིབ་འཇུག་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་རྩི་ཤིང་གི་མཐུན་འཕྲོད་ལམ་སྲོལ་གྱི་ཁྱད་ཆོས་ཤེས་རྟོགས་བྱུང་སྟེ། མཚོ་བོད་ས་མཐོའི་རྩི་ཤིང་ཧ་ཅང་ཞན་པའི་ཁོར་ཡུག་ནང་མཐུན་འཕྲོད་ཀྱི་འདུས་རྡུལ་ལམ་སྲོལ་ལ་སྔར་བས་ཞིབ་འཇུག་བྱ་རྒྱུར་ཁུངས་སྣེ་གསར་པ་མཁོ་འདོན་བྱས་ཡོད། རྩི་ཤིང་སོག་ཀ་ནི་ས་མཐོའི་རྩི་ཤིང་ཁྲི་སྟོང་མང་པོའི་རིགས་ཤིག་ཡིན་མོད། འོན་ཀྱང་ང་ཚོས་གཅིག་ཤེས་ཀུན་གྲོལ་བྱས་ཏེ། དེའི་ཁྲོད་ནས་ས་མཐོའི་རྩི་ཤིང་དེ་བས་མང་བའི་འཕེལ་འགྱུར་གྱི་ཁྱད་ཆོས་རིགས་འདེད་བྱེད་ཐུབ།

    ཞིབ་འཇུག་བྱེད་སྟངས་འདིའི་དགེ་མཚན་ནི། ང་ཚོས་འདུས་རྡུལ་སམ་གཞི་རྒྱུའི་ཟུར་ཚད་ཐོག་ནས་ས་མཐོའི་རྩི་ཤིང་གི་ཁྱད་ཆོས་ལ་ངོས་འཛིན་གསར་པ་ཞིག་ཆགས་པ་དེ་ཡིན། གོ་བདེ་བར་བཤད་ན། རྩི་ཤིང་གི་ཁྱད་ཆོས་ཤེས་པ་མ་ཟད་དེའི་གནས་ལུགས་ཀྱང་ཤེས་པས། ང་ཚོའི་ངོས་འཛིན་སྔར་བས་ཇེ་མཐོར་འགྲོ་བཞིན་ཡོད།

    དྲི་བ། ཞིབ་འཇུག་དེ་འདྲ་ཞིག་ལ་རིན་ཐང་ཅི་ཞིག་ཡོད་དམ། དེས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་ཐུབ་བམ།

    ལན། མིག་སྔར་ང་ཚོས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱ་ཐབས་ནི་རྒྱུན་དུ་ས་ཆ་ཡུག་ཅིག་བསྐོར་ནས་སྲོག་ཆགས་དང་རྩི་ཤིང་རང་བཞིན་ངང་སྐྱེ་འཚར་ཐུབ་ཐབས་བྱས་ཏེ་ཁྱུ་ཚོགས་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་ཡོང་བ་བྱ་རྒྱུ་དེ་རེད། གལ་ཏེ་སྐྱེ་དངོས་རིགས་སྟོངས་ཉེར་ཡོད་པའི་རྒྱུ་རྐྱེན་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བ་སོགས་གཞི་ཆེན་གྱི་རྒྱུ་རྐྱེན་ཡིན་ན། སྲུང་སྐྱོབ་དེ་རིགས་ཀྱི་ལས་ཕྱོད་ཅུང་དམའ་པོ་ཡོད།

    འདུས་རྡུལ་དང་གཞི་རྒྱུའི་རིམ་ངོས་ནས་སྐྱེ་ཁམས་རིག་པར་ཞིབ་འཇུག་བྱས་ཚེ། ང་ཚོས་སྐྱེ་དངོས་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དེ་བས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་རོགས་རམ་བྱེད་ཐུབ། ལྷག་པར་དུ། སྐྱེ་དངོས་རིགས་ཁ་ཤས་སྟོངས་ཉེའི་མཚམས་སུ་སླེབས་པའི་རྒྱུ་རྐྱེན་ཤེས་རྟོགས་ཐུབ་ནས་ང་ཚོས་སྔར་བས་ཐེ་ཞུགས་གནད་སྨིན་བྱས་ཏེ། དམིགས་འབེན་ཡོད་པའི་སྒོ་ནས་སྲུང་སྐྱོབ་ལས་དོན་སྤེལ་རྒྱུར་ཕན་ཐོགས་ཡོད།

    “ང་ཚོས་གཞོན་ནུ་འཚར་ལོངས་ཡོང་བར་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས”

    དྲི་བ། ཁྱེད་ཀྱི་ངོས་ནས་བརྗོད་ན། ས་གནས་དེ་གའི་སྐྱེ་ཁམས་ཞིབ་འཇུག་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་དོན་སྙིང་ཅི་ཞིག་ཡོད་དམ།

    ལན། བོད་ཀྱི་ཆ་རྐྱེན་དཀའ་ཚེགས་ཆེ་བས། སྐྱེ་ཁམས་ཞིབ་འཇུག་བྱེད་སྐབས་ཞིབ་འཇུག་པས་ས་བབ་མཐོ་སར་ཡུན་རིང་ལས་ཀ་བྱེད་དགོས་སྟབས་ལུས་ཁམས་དང་ལུས་ཤུགས་ཐད་བླང་བྱ་དེ་བས་མཐོ་བ་ཡོད་པས། ས་གནས་དེ་གའི་ཤེས་ལྡན་པས་ཕྱི་རོལ་དུ་ཚན་རིག་ཞིབ་འཇུག་གི་ལས་དོན་སྤེལ་བར་དགེ་མཚན་ངེས་ཅན་ལྡན་ཡོད།

    རྒན་ཀྲུང་ལགས་བོད་དུ་སླེབས་རྗེས། དེ་གའི་ཚན་ཞིབ་ཀྱི་རྨང་གཞི་ཧ་ཅང་ཞན་པོ་ཡིན་པ་ཤེས། སྐབས་དེའི་བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་རིག་ཚན་ནི“མེད་པ་གསུམ”ཡིན་ཞེས་བཤད་ཆོག་སྟེ། རིག་ཚན་ལ་དགེ་རྒན་ཆེ་མོ་བ་མེད་པ་དང་། སློབ་ཁྲིད་ཚན་ཞིབ་དཔུང་ཁག་ལ་འབུམ་རམས་པ་མེད་པ། ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་པར་རྨང་གཞི་མེད་པ་བཅས་རེད། དེར་བརྟེན། རྒན་ཀྲུང་ལགས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་སེམས་ནུས་ཡོད་རྒུ་བཏོན་ནས་བོད་ལྗོངས་སློབ་ཆེན་གྱི་སྣེ་ཁྲིད་དེ“ཨང་དང་པོ”མང་དག་ཅིག་བཏོད་ཡོད་པ་སྟེ། བོད་ལ་རོགས་རམ་བྱས་ནས་རང་བྱུང་རིག་པའི་འབུམ་རམས་པའི་སློབ་གནས་དང་པོ་རེ་ཞུ་བྱས་པ་དང་། བོད་རིགས་ཀྱི་རྩི་ཤིང་རིག་པའི་འབུམ་རམས་པ་དང་པོ་གསོ་སྐྱོང་བྱས་པ། བོད་ཀྱི་སྐྱེ་དངོས་རིག་པའི་སློབ་གསོ་པུའི་གསར་གཏོད་དཔུང་ཁག་དང་པོ་སྐྱེད་སྲིང་བཅས་བྱས་པས། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་རིག་ཚན“རྩེ་གྲས་གཉིས”ཀྱི་རིག་ཚན་འཛུགས་གཏོད་མིང་ཐོའི་ནང་ཚུད་དེ་བོད་ཀྱི་མཐོ་རིམ་སློབ་གསོའི་སྟོང་ཆ་རབ་དང་རིམ་པ་བསྐངས་ཡོད་པ་རེད།

    གལ་སྲིད་རྒན་ཀྲུང་ལགས་ཀྱིས་ས་བོན་སྐོར་ལ་ཞིབ་འཇུག་བྱས་པ་དེ་སྐྱེ་ཁམས་ཤེས་དཔལ་རྒྱུན་འཛིན་བྱས་པ་ཡིན་ཚེ། ཁོང་གིས་བོད་ལྗོངས་སློབ་ཆེན་དུ་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དེ་ནི་ས་གནས་དེ་གའི་སྐྱེ་ཁམས་རིག་པའི་རིག་ཚན་རྒྱུན་འཛིན་བྱས་པ་ཞིག་རེད།

    དྲི་བ། གྲངས་གཞིའི་སྐོར་གླེང་སྐབས། ཁྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་གྲངས་གཞི་ནི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པའི་ནན་བཤད་བྱས་བྱུང་། དེས་ན་ཁྱེད་ཀྱིས་འདིའི་ཐད་ཀྱི་ལས་དོན་འཕེལ་རིམ་ལ་རྒྱས་བཤད་ཅིག་བྱས་ན་འགྲིག་གམ།

    ལན། 2022ལོའི་ཟླ་7ཚེས་21ཉིན་བོད་ལྗོངས་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་ནས། ཡར་ཉང་འདམ་ར་ཚན་རིག་དང་མཐུན་པར་སྲུང་སྐྱོང་དང་། ལུགས་མཐུན་བེད་སྤྱོད། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པའི་འགོ་ཚུགས་ཡོད། ཕྱི་རོལ་ས་ཚིགས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ཆ་ནས་ང་རང་ཧ་ལམ་ཟླ་བ་རེར་ཉིང་ཁྲིར་ཐེངས་རེ་བསྐྱོད་དེ་འབྲེལ་ཡོད་ལས་དོན་སྤེལ་དགོས་ཀྱི་ཡོད།

    འདི་ནི་ང་ཚོས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བའི་ཚོད་ལྟ་ཞིག་རེད། མཚོ་བོད་ས་མཐོ་ནི་ཡངས་ཤིང་རྒྱ་ཆེ་བས་ང་ཚོས་ཕྱི་རོལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཁ་ཤས་བཙུགས་ཀྱང་། ས་མཐོའི་སྐྱེ་ཁམས་མ་ལག་ལ་མཚོན་ན། འཚོལ་སྡུད་ཐུབ་པའི་གྲངས་གཞི་དེ་དག་ནི་ཐར་ཐོར་ཙམ་ཡིན་པ་མ་ཟད། ད་དུང་རྒྱུན་མཐུད་རང་བཞིན་ཡང་ཆེན་པོ་མི་འདུག

    ང་དང་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་རིག་པའི་དཔུང་ཁག་ད་དུང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྨི་ཏི་ཁ་ལྟ་ཞིབ་ཚད་ལེན་ས་ཚིགས་ཚུད་པའི་ལྟ་ཞིབ་ས་ཚིགས་རབ་དང་རིམ་པའི་འཛུགས་སྐྲུན་ལས་དོན་ནང་ཞུགས་པ་ཡིན། ས་ཚིགས་སྔར་བས་མང་པོ་བསྐྲུན་ནས་གྲངས་གཞི་དེ་བས་མང་བ་མཉམ་སྤྱོད་བྱས་པ་བརྒྱུད། ང་ཚོས་གྲངས་གཞི་དེ་བས་མང་པོ་དང་། དེ་བས་ཆ་ཚང་། དེ་བས་བརྒྱུད་རིམ་ལྡན་པ་བཅས་བཞག་ནས་མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བསྐྲུན་པར་དེ་བས་སྲ་ཞིང་བརྟན་པའི་ཚན་རིག་གི་འདེགས་སྐྱོར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།