“འགྲན་རྩོད་ནུས་པ་ཆེ་རུ་གཏོང་འདོད་ན་ངེས་པར་དུ་ཀྲུང་གོའི་ཁྲོམ་རར་ཞིབ་འཇུག་གཏིང་ཟབ་བྱེད་དགོས”
—— ཤིས་མོན་ཙི་གྲངས་འཛིན་ཅན་བཟོ་ལས་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ནའེ་ཁོ་ལ་བཅར་འདྲི་བྱས་པ།
“གོ་ལ་ཧྲིལ་པོའི་རིག་ནུས་སྟོབས་ལྡན་གྱི་བཟོ་གྲྭར་རྒྱུས་ལོན་བྱེད་བསམ་ན། ངས་ཀྲུང་གོ་གདམ་སྲིད”ཅེས་ཉིན་ཤས་གོང་ཤིས་མོན་ཙི་མ་རྐང་ཀུང་སིའི་ཏུང་ཧྲི་ཀྲང་གི་ཁོངས་མི་དང་ཤིས་མོན་ཙི་གྲངས་འཛིན་ཅན་བཟོ་ལས་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ནའེ་ཁོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས་ཤིས་མོན་ཙིའི་ངོས་ནས་བརྗོད་ན། ཀྲུང་གོའི་ཁྲོམ་རར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཤིས་མོན་ཙི་ཚོགས་པས་ཀྲུང་གོའི་ཁྲོམ་རར་མུ་མཐུད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད།
ད་ལོའི་ཟླ་3ཚེས་31ནས་ཟླ་4ཚེས་4ཉིན་བར“བཟོ་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་ཧན་ནུའོ་ཝུའེ་བཟོ་ལས་འགྲེམས་ཚོགས་ཐོག་ཤིས་མོན་ཙིས་གྲངས་འཛིན་ཅན་དང་མི་ཐབས་རིག་ནུས་ཀྱི་ལག་རྩལ་བཀོལ་སྤྱོད་འགྲེམས་སྟོན་བྱས་ཤིང་། ནའེ་ཁོ་ཡིས་མི་ཐབས་རིག་ནུས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་འབྱུང་འགྱུར་ལ་འགྱུར་ལྡོག་ཐེབས་རྒྱུ་དང་། མི་ཐབས་རིག་ནུས་ལ་ཧུར་ཐག་བརྟེན་མཁན་ཁེ་ལས་དེ་དག་ལ་གྲུབ་འབྲས་ཐོབ་ངེས་རེད་ཅེས་བརྗོད་པ་དང་། ཁོང་གིས“འབྱུང་འགྱུར་ཤིས་མོན་ཙི་ཚོགས་པས་ཀྲུང་གོའི་ཁྲོམ་རའི་བཟོ་ལས་རང་འགུལ་ཅན་གྱི་ལས་སྒོ་མངོན་གསལ་དོད་པོས་མང་དུ་འགྲོ་ངེས་ཡིན་ལ། ཀྲུང་གོའི་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་སྣང་ཆེན་བྱེད་པ་དང་། བཟོ་ལས་རང་འགུལ་ཅན་གྱིས་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད”ཅེས་བརྗོད།
ད་ལོའི་ཟླ་3པར་ཤིས་མོན་ཙི་ཚོགས་པས་ཧྲང་ཧའེ་རུ“ཀྲུང་གོས་གྲངས་འཛིན་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་ནུས་བཟོ་སྐྲུན་གསར་གཏོད་ཀྱི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོའི་ཁྲོམ་རར་ཕྱོགས་པའི་ཐོན་རྫས་དཔེ་གསར་18ཁྱབ་བསྒྲགས་བྱས་པའི་ནང་། བཟོ་ལས་རང་འགུལ་ཅན་དང་གྲངས་འཛིན་ཅན་གྱི་ཐོན་རྫས་དང་ཞབས་ཞུ་ཁག་མང་པོ་ཚུད་ཡོད་པ་དང་། དེའི་ཁྲོད་ཀྱི་ཐོན་རྫས་དཔེ་གསར་16ནི་ཡོངས་སུ་རང་ས་ནས་ཞིབ་སྤེལ་བྱས་པ་ཞིག་རེད། ནའེ་ཁོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་10པར་ཤིས་མོན་ཙིས་ཀྲུང་གོའི་གསར་གཏོད་ཐོན་རྫས་བྱ་གཞག་པུའུ་བཙུགས་པ་དང་ཆབས་ཅིག་ཞིབ་སྤེལ་གྱི་མ་དངུལ་67%མང་དུ་བཏང་ནས་གོང་གསལ་གྱི་གསར་དུ་ཁྱབ་བསྒྲགས་བྱས་པའི་གསར་གཏོད་ཐོན་རྫས་བཟོས་ཡོད། “རང་ས་ནས་ཞིབ་སྤེལ་བྱས་པའི་ཐོན་རྫས་དེ་དག་གིས་ཀྲུང་གོའི་བཟོ་སྐྲུན་ཚོང་པའི་མ་གནས་དམའ་རུ་དང་ལས་ཕྱོད་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ནས་རིན་ཐང་མཐོ་བའི་ཕྱོགས་སྒྱུར་ཡོང་རྒྱུ་མ་ཟད། ཤིས་མོན་ཙིས་ཀྲུང་གོའི་ཁྲོམ་རར་བཟུང་བའི་རིན་ཐང་འཁོར་འབྲེལ་གྱི་བཀོད་པའང་སྔར་བས་ཟབ་ཏུ་འགྲོ་རྒྱུ་རེད། ཕྱིས་འབྱུང་ཤིས་མོན་ཙི་ཀྲུང་གོའི་གསར་གཏོད་ཐོན་རྫས་བྱ་གཞག་པུའུ་ཡིས་དུས་ཚིགས་ཚན་པར་བྱས་ནས་ཐོན་རྫས་གསར་པ་དང་ཐག་གཅོད་ཀྱི་ཇུས་གཞི་འདོན་རྒྱུ་རེད”
“ཀྲུང་གོའི་ཁྲོམ་ར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཚུལ་ལ་འགྱུར་ལྡོག་བྱུང་མེད”ཅེས་ནཱའེ་ཁོ་ཡིས་ཀྲུང་གོའི་ཁྲོམ་རའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད་པ་དང་། ཁོང་གིས་ཕྱིས་འབྱུང་ཤིས་མོན་ཙི་ཚོགས་པས་མུ་མཐུད་ཀྲུང་གོའི་ཁྲོམ་རའི་དགོས་མཁོར་གཞི་ཚུགས་ཁར། གྲངས་འཛིན་ཅན་གྱི་ནུས་པ་དང་གོ་ལ་ཧྲིལ་པོའི་རིག་ལྡན་དང་མཉམ་འདྲེས་ཀྱིས་ཀྲུང་གོའི་མྱུར་ཚད་ཀྱི་ཐོག་ནས་རང་སར་གསར་གཏོད་བྱེད་མགྱོགས་སུ་བཏང་སྟེ་ཚོང་ཤག་ལ་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་རིན་ཐང་མཐོ་བའི་འཕར་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།