ས་མཐོའི་གང་སར་ཕྱུག་འགྱུར་མེ་ཏོག་བཞད།
—— མཚོ་སྔོན་གྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་བའི་སྐོར་བཀོད་པ།
ད་ལྟའི་ཆར་མཚོ་སྔོན་ནི་མཚར་སྡུག་རྣམ་པར་བཀྲ་བའི་རི་མོ་ཞིག་དང་ཀུན་ནས་མཚུངས་ཤིང་། གྲམ་ཐང་དུ་མི་རྣམས་ཀྱིས་འདྲེ་ཚེར་མ་འཐུ་བར་བྲེལ་བཞིན་ཡོད་པ་དང་། མཚོ་སྔོན་པོའི་ངོགས་སུ་ཡུལ་སྐོར་བས་མཚོ་མོའི་མཛེས་པར་ཅི་དགར་རོལ་ནས་འདུག མདོ་ལ་རིང་མོའི་འདབས་སུ་འབྲོག་གླུ་རྣ་བར་སྙན་ལ་ནོར་ལུག་ཤ་ཤེད་རྒྱས་པ་ལ་སོགས་ལྟ་བས་མི་ངོམ་པའི་པིར་གྱིས་བྲིས་འདྲའི་མཛེས་རིས་འདི་ལྟ་བུ་ལས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བྱུང་བའི་རྣམ་པ་བཟང་པོ་མངོན་བཞིན་མཆིས།
2024ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། “གྲོང་གསེབ་དར་རྒྱས་གཏོང་བར་ཞིང་འབྲོག་པར་འབབ་འཕར་ཡོང་བར་བྱེད་པའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ས་མཐོའི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ནས་ས་མཐོའི་ཡུལ་ཟོག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་དགོས”ཞེས་ནན་བཤད་གནང་ཡོད།
ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་གྲོང་གསེབ་ཡུལ་སྐོར་དང་། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ཐོན་ལས་རྒྱ་ཆེར་བཏང་ཐོག ལས་རྣམ་གསར་པ་སྐྱེད་སྲིང་དང་སྒུལ་ནུས་གསར་པ་འཕེལ་བར་བྱས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལམ་བུར་སྐྱོད་བཞིན་ཡོད།
ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་ས་མཐོའི་ཞིང་ལས་ཐོན་རྫས་སྤུས་རྟགས་ཅན་དུ་འགྱུར་བར་བྱས་པ།
མདོ་ལ་རིང་མོའི་འདབས་སུ་ཡོད་པའི་རྩྭ་ཐང་ཞོགས་པའི་སྨུག་པ་སྲབ་མོས་བཏུམས་ནས་ལྷིང་འཇགས་སུ་གནས་ཡོད། མདོ་ལ་རྫོང་ཨ་རིག་ཤང་གི་འབྲོག་པ་བསྟན་སྟོབས་ཀྱིས་རང་ཁྱིམ་གྱི་ཡུལ་ལུག་བརྒྱ་ལྷག་ཙམ་ཡོད་པ་དག་དེད་བཞིན“སྔོན་མ་ལུག་གསོ་བར་ཉམས་མྱོང་ངེས་ཅན་ཡོད་དགོས། འོན་ཀྱང་ད་ཆ་ཚན་རྩལ་གྱི་རམ་འདེགས་ཡོད་པས་ཡུལ་ལུག་ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག་ལ། ང་ཚོའི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཆགས་སོང”ཞེས་དགའ་ཚོར་ཆེན་པོས་བཤད།
སྔོན་ཆད་མདོ་ལ་རྫོང་གི་ཡུལ་ལུག་གཟུགས་པོ་ཆུང་ལ་བལ་གྱི་སྤུ་མདོག་ཁམས་དྭངས་པོ་མེད། དེའི་རྗེས་སུ་མདོ་ལ་རྫོང་གིས་ཡུལ་ལུག་གི་རྒྱུད་པ་ལེགས་སྤེལ་བྱས་ཏེ། མཐོ་སློབ་ཀྱི་སློབ་གླིང་དང་མཉམ་འབྲེལ་ཐོག་སྦྲུམ་མང་རྒྱུད་པ་ཞིབ་དཔྱད་ཚད་ལེན་བྱས་ནས“ལོ་གཉིས་ལ་ལུ་གུ་ཐེངས་གསུམ་སྐྱེ་བའི”ལག་རྩལ་ཁྱབ་གདལ་བཏང་བ་རེད། ད་ཆ་རྒྱུད་པ་ལེགས་སྤེལ་རྟེན་གཞི་དང་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་བསྐྲུན་པ་དང་། འདེམས་གསོ་ལྟེ་བའི་ཁྱུ་ཚོགས་100ལྷག་ཙམ་ལ་ཡུལ་ལུག་ཁྲི་6ལྷག་ཙམ་གསོ་ཚགས་བྱས་པས་རྒྱུད་བཟང་ཁྱབ་ཚད་98%ཡན་ཟིན་ཡོད་པ་རེད།
“སྔོན་མ་ལུག་ཤ་འཚོང་སྐབས་རྒྱ་མ་བཀྱགས་ནས་འཚོང་དགོས་མོད། འོན་ཀྱང་ད་ཆ་བཞི་ལིང་བྱས་ནས་འཚོང་གི་ཡོད། ལས་སྣོན་ཞིབ་ཚགས་བྱས་ནས་བཙོངས་ན་ཤ་མཁོ་ཆེ་བའི་དུས་སུ་ཉིན་རེར་ཏུན་1འཚོང་ཐུབ་པ་མ་ཟད། ས་ཆ་གང་སར་སྐྱེལ་གྱི་ཡོད”ཅེས་ལས་བཟོ་མཱ་ཡུས་མེ་ཡིས་བཤད། 2024ལོར་མདོ་ལའི་ཡུལ་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་ཞིང་། རིགས་གཅིག་མཁས་ཅན་20ལྷག་ཙམ་གྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་གནད་བསལ་ཏེ་གྲངས་གཞི་ཚད་ལེན་དང་ཚོད་ལྟ་བྱས་ནས་ཡུལ་ལུག་གི་ཤའི་གནད་ཁག་མང་པོ་དབྱེ་བ་དང་། གཟན་ཆག་བསྙལ་མ་ཞིབ་སྤེལ་ཁྱབ་གདལ་གཏོང་བ། ཚོགས་པའི་ཚད་གཞི་མང་པོ་བཟོ་རོགས་བཅས་བྱས་པ་རེད། ཚད་གཞི་དེ་དག་གསོ་ཚགས་དང་ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་པས་སྤུས་ཚད་ཐད་འགན་ལེན་ཐུབ་ཀྱི་ཡོད།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྔོན་ལ་ཐོན་ལས་དར་སྤེལ་གཏོང་དགོས། མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ལས་ཐོན་རྫས་ཕྱིར་གཏོང་བྱེད་པ་ནས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་བཟོས་ཏེ“སྤུས་ཚད་མཐོར་གཏོང་དང་། གྲངས་འབོར་རྒྱ་སྐྱེད། འཁོར་འབྲེལ་ཁ་གསབ། ཕན་འབྲས་ཆེར་གཏོང”བཅས་ལ་དམིགས་ནས་གཙོ་གནད་ཐོག་ཤུགས་བརྒྱབ་ཡོད།
ཟླ་6པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས་ལ་ཁས་ལེན་ཐོབ་ཚད་1298ཟིན་པ་དང་། སྐྱེ་ལྡན་རྩྭ་ཐང་ལྟ་ཞིབ་ཚད་ལེན་གྱི་རྒྱ་ཁྱོན་མུའུ་དུང་ཕྱུར་3.35ཟིན་པ། ས་གནས་ཀྱི་ཚད་གཞི་ཁག་10ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ། ཁྱོན་བསྡོམས་ཞིང་ལས་ཐོན་རྫས་ཁག་48“རྒྱལ་ཡོངས་ཀྱི་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར་བཅས་ཀྱི་ཞིང་ལས་ཐོན་རྫས”ཀྱི་མིང་གཞུང་ནང་བཅུག་ཡོད་པ་རེད།
ཡུལ་ལྗོངས་ལ་བརྟེན་ནས་ཡོང་འབབ་འཕར་བར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཐད་གོམ་སྟབས་ཆེན་པོ་སྤོས་པ།
ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཤང་སྤེན་མ་ལུང་གྲོང་ཚོར་འབྱོར་སྐབས། གཞུང་ལམ་འགྲམ་གྱི་ཁྱམས་རིང་ན་ཚོན་མདོག་སྣ་ལྔའི་རླུང་འཁོར་དལ་གྱིས་འཁོར་ཞིང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་ནས་ཤ་བཙོས་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། “དེ་སྔ་གྲོང་ཚོར་ལམ་བདེ་པོ་འདི་འདྲ་མེད་པས་ཕྱི་མི་ཡོང་མཁན་ཡང་མང་པོ་མེད། ད་ཆ་ལམ་ཡག་པོ་བཟོས་པས་ཡུལ་སྐོར་ལ་ཡོང་མཁན་རྒྱུན་མི་ཆད་ལ་ཡོང་འབབ་ཀྱང་ཡག་པོ་འདུག”ཅེས་སྤེན་མ་ལུང་མེ་ཏོག་གླིང་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་ལི་ཀྲེན་ཧའེ་ཡིས་རི་ལྡེབས་ལ་མཛུབ་མོ་འཛུགས་བཞིན་བཤད།
ས་གནས་དེས་རོགས་སྐྱོར་རྣམ་གྲངས་བསྡུ་སྒྲིལ་བྱས་ཏེ“སྤེན་མ་ལུང་མེ་ཏོག་གླིང་མཛེས་ལྗོངས་ཁུལ”གྱི་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་བཏང་ཞིང་། མེ་ཏོག་གླིང་སྐྱེད་སྲིང་དང་། དམངས་སྲོལ་གནས་ཚང་འཛུགས་སྐྲུན། ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཛུགས་པ་བཅས་བྱས་པ་མ་ཟད། བར་སྣང་འདྲེད་ཐག་དང་ཤེལ་དཔྱང་བར་ཁྱམས་སོགས་རོལ་རྩེད་རྣམ་གྲངས་བཏོན་ཏེ། གྲོང་མི་དུད་ཚང་70ལྷག་ཙམ་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་རག་པར་བྱས་པས། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལས་བརྒལ་བ་མ་ཟད། ད་དུང་མཐའ་འཁོར་གྱི་གྲོང་ཚོ་10འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་ཀྱང་བྱས་པ་རེད།
ཐོན་ལས་སྐྱེད་སྲིང་གི་ཐབས་ཤེས་རྙེད་ན། འཕེལ་རྒྱས་ཀྱི་ལམ་བུ་ཡངས། ཡུལ་ལྗོངས་དང་མེ་ཏོག་ལ་མྱོང་རོལ་བྱེད་པ་ནས་དམངས་སྲོལ་གནས་ཚང་ཉམས་ལེན་བྱེད་པའི་བར་དང་། འགྲུལ་ཁང་དུ་ཚ་གཡོལ་བྱེད་པ་ནས་ནགས་གསེབ་ཏུ་འཆམ་འཆམ་ལ་འགྲོ་བའི་བར། རི་མཐོ་ནས་གངས་ཤུད་གློད་པ་ནས་རྩྭ་ཐང་དུ་སྒར་རྒྱག་སྤྲོ་གསེང་བྱེད་པའི་བར་བཅས་ཞིང་འབྲོག་པའི་འཚོ་བར“གནམ་ཆུ་བསྒུགས་ནས་འཚོ་བ་འཕྱིད་ཐབས”ནས“ཡུལ་ལྗོངས་ལ་བརྟེན་ནས་འབབ་འཕར་ཡོང་ཐབས”བར་འགྱུར་ལྡོག་བྱུང་ཡོད། འདི་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་དང་པོའི་འཕར་ཐང་དུས་མཚུངས་ལས་5.4%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.9%འཕར་ཡོད།
“གསེར་མདོག་དངུལ་ཁང”ལྟ་བུའི་ཡུལ་ལྗོངས་མཛེས་པོས་མདུན་ལམ་ཡངས་སུ་བཏང་བ།
འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དུ་མུ་མཐའ་མི་མངོན་པའི་པད་ཁའི་མེ་ཏོག་མིག་གི་ལོངས་སྤྱོད་དུ་གྱུར།
“སྔོན་མ་པད་ཁ་བསྡུ་བ་མ་གཏོགས་པད་ཁའི་མེ་ཏོག་ལ་དངུལ་རག་གི་རེད་གཏན་ནས་བསམ་མྱོང་མེད། མེ་ཏོག་ཡོངས་སུ་བཞད་པའི་དུས་སུ་ཉིན་ལྟར་ཡུལ་སྐོར་བ་ཁྲི་ཕྲག་མེ་ཏོག་ལ་ལྟ་བར་ཡོང་གི་ཡོད་པས། པད་ཁའི་མེ་ཏོག་ད་ཆ་ང་ཚོའི་འབབ་ཁུངས་སུ་གྱུར་ཡོད”ཅེས་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་ས་དཀར་ལུང་གྲོང་ཚོའི“མོ་ཐན་སྒོ་ར་ཆུང་ངུའི”ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་སྦྱིན་བདག་ཆི་ཧྥུའུ་ཞང་གིས་ལས་བྲེལ་ཆེན་པོས་དེ་ལྟར་བཤད། ད་ཆ་མེ་ཏོག་ལ་ལྟ་སའི་སྟེགས་བུ་བཙུགས་པ་དང་ཡུལ་སྐོར་དུས་ཆེན་གཉེར་བས། ཡུལ་སྐོར་བ་ཡང་སྦྲང་མ་མེ་ཏོག་ལ་འཁོར་བ་བཞིན་དེ་གར་ཡོང་གི་ཡོད། དེ་ལས་ཡུལ་སྐོར་སྣེ་ཤན་པ་དང་། ཚོང་པ། དམངས་སྲོལ་གནས་ཚང་གི་སྦྱིན་བདག་ལ་སོགས་མི་སེར་དཀྱུས་མར་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡུལ་སྐོར་གྱི་ཡོང་འབབ་རག་གི་ཡོད།
འཇུ་ལག་རྫོང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། ལག་རྩལ་སྒྱུར་བཀོད་ཀྱི་ཁ་གསབ། སྤུས་རྟགས་གཏོད་པར་ཁྲིད་སྟོན་བཅས་བརྒྱུད། པད་ཁ་ལས་སྣོན་དེ་བཟོ་ཁང་ཆུང་ཆུང་ནས་གཞི་ཁྱོན་ཅན་དང་། ཞིབ་ཚགས་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། “པད་ཁ་བཀྲུས་ཏེ་སྣུམ་བཙག་པ་ནས་བཙོ་སྦྱང་བྱས་ཏེ་འགྱིག་དམ་ནང་བླུགས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དང་ཚད་ལྡན་ཅན་དུ་གྱུར་ཡོད། ལས་ཕྱོད་ལྡབ་འཕར་བྱུང་བ་མ་ཟད། འཇུ་ལག་གི་པད་སྣུམ་ཞིང་ཆེན་གཞན་དུ་ཕྱིར་གཏོང་བྱས་ཡོད”འཇུ་ལག་རྫོང་མཚོ་སྔོན་ཤང་མན་ཅིན་འཇུ་ལག་འབྲུ་སྣུམ་ཟས་རིགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡའོ་ཏུང་ཏུང་གིས། ཀུང་སིས་འཕྲུལ་ཆས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བས། སྔོན་ཆད་ལོ་གཅིག་ལ་ཏུན་གཉིས་གསུམ་ཙམ་ལས་ཐོན་སྐྱེད་མི་ཐུབ་པ་ནས། ད་ཆ་ལོ་རེར་ཐོན་ཚད་ཏུན་སྟོང་ཕྲག་འགའ་ཤས་ཟིན་གྱི་ཡོད། ན་ནིང་ཀུང་སིར་ལོའི་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་བྱུང་ནས་ཉེ་འཁོར་གྱི་ཞིང་དུད་6500ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་ཅེས་བརྗོད།
མིག་སྔར། འཇུ་ལག་རྫོང་གི་པད་ཁ་འདེབས་ཁྱོན་མུའུ་ཁྲི་28.95དང་། པད་སྣུམ་ཐོན་ཚད་ཏུན་ཁྲི་3ལྷག་ཙམ། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2བཅས་ཟིན་ཡོད། ཐོན་རྫས་གཙོ་བོ་ཡིན་པའི་པད་ཁའི་སྣུམ་ཕུད། འབའ་ཆ་དེ་གཟན་ཆག་རྩེ་གྲར་གྱུར་ནས་ཐོན་ལས་འཁོར་འབྲེལ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྣེ་འདྲེན་ཁེ་ལས་ཀྱིས་མཉམ་ལས་ཁང་དང་ཞིང་དུད་དང་མངགས་ཐོ་བཞག་ནས་སྲུང་སྐྱོབ་རིན་གོང་ལྟར་ཉོ་སྒྲུབ་བྱེད་བཞིན་ཡོད། “པད་ཁའི་མེ་ཏོག་དང་འདྲ་བར་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་ཆི་ཧྥུའུ་ཞང་གིས་མྱོང་ཚོང་ཟབ་མོས་བརྗོད།
འབྲེལ་ཡོད་གསར་འགྱུར།