རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒོར་དུང་ཕྱུར་གཅིག་བཏང་ནས་ཀོང་ཏུང་གི་ཆུ་ལོག་གནོད་འཚེ་ཚབས་ཆེན་གྱི་གེགས་རྗེས་འཕྲལ་སྡོམ་སླར་གསོར་རྒྱབ་སྐྱོར་བྱས་པ།
ཟླ་8ཚེས་5ཉིན་གྱི་ཆུ་ཚོད་བརྒྱད་པ་ནས་ཚེས་6ཉིན་གྱི་ཆུ་ཚོད་བརྒྱད་པའི་བར། ཀོང་ཏུང་གི་ས་ཆ་མང་ཆེ་བ་དང་། ཀོང་ཤིས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། སི་ཁྲོན་གྱི་དབུས་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད། ཧོ་པེའི་ཤར་ལྷོའི་རྒྱུད། ལེའོ་ཉིང་གི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཆར་ཆར་པ་ཆེ་བ་ནས་དྲག་ཆར་བབས་པ་དང་། དེའི་ཁྲོད་ཀོང་ཏུང་གི་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་དང་ཀོང་ཤིས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཆར་དྲག་ཆར་ཆེན་པོ་བབས་ཡོད། ཀོང་ཏུང་དང་། ཀོང་ཤིས། ཤིན་ཅང་སོགས་ས་ཆའི་ཆུ་བོ་21ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད།
གསར་འགོད་པས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་8ཚེས་6ཉིན། ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཆུས་ཏ་ཡོན་ཁྲོམ་གཞུང་དབྱི་ཡ་ཡོན་དུ་རི་ཉིལ་བའི་གནས་ཚུལ་ཐོན་ནས་གྲལ་བཤེར་བྱས་པ་བརྒྱུད་མི་14ཉེན་ཁར་གྱར་ཡོད། གསར་འགོད་པས་རྩོམ་ཡིག་སྤེལ་སྐབས་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་མི་8(དེའི་ཁྲོད་མི་1རྐྱེན་ལམ་དུ་ཤོར་བ་དང་མི་7ལ་རྨས་སྐྱོན་ཕོག་ཡོད)བསྐྱབས་ཡོད་པ་དང་དེ་བྱིངས་ཀྱི་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་གཅིག་འཕྲལ་དུ་བཏང་སྟེ་ཀོང་ཏུང་ཞིང་ཆེན་གྱིས་ཆུ་ལོག་གི་གནོད་འཚེའི་གེགས་རྗེས་འཕྲལ་སྡོམ་སླར་གསོ་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཏོར་སྐྱོན་ཕོག་པའི་འགྲོ་ལམ་དང་། ཆུ་མཁོ་འདོན། སྨན་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་གེགས་རྗེས་འཕྲལ་སྡོམ་སླར་གསོའི་འཛུགས་སྐྲུན་ཐད་གཙོ་གནད་དུ་སྤྱོད་རྒྱུ་ཡིན་པ་རེད།
ཟླ་8ཚེས་6ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཨུ་ལྷན་གྱིས་ཀོང་ཏུང་ཞིང་ཆེན་དུ་དྲག་ཆར་ཧ་ཅང་ཆེན་པོ་བབས་ནས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པའི་ཤུགས་རྐྱེན་ཐེབས་ཚད་ལ་དམིགས་ནས། རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་ཞུས་ཏེ། ལས་དོན་ཚོགས་ཆུང་མངགས་ནས་གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་དང་ས་གནས་ལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་སོགས་གནོད་འཚེའི་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།
ཉིན་ཤས་བསྟུད་མར། ཀོང་ཤིས་སུ་ཆར་པ་ཆེན་པོ་མུ་མཐུད་བབས་ནས་གློག་ཤུགས་ཀྱི་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཕོག་པར་བརྟེན། ཀོང་ཤིས་གློག་དྲ་ཀུང་སིས་མགྱོགས་མྱུར་མི་སྣ་སྒྲིག་འཛུགས་དང་དངོས་ཟོག་གྲ་སྒྲིག་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།