དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཇུ་བྲོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-09

    འཕྱོངས་རྒྱས་རྫོང་དུ་མི་མང་པོས་འཇུ་བྲོ་འཁྲབ་ཤེས་ཀྱི་ཡོད།

    ལོ་རེའི་ཟླ་བ་དྲུག་པའི་རེས་གཟའ་སྤེན་པ་ཐེངས་གཉིས་པ་དེ་རིག་གནས་དང་རང་བྱུང་ཤུལ་བཞག་གི་ཉིན་མོ་རེད་ལ། གཟའ་འཁོར་དེར་འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པར་འཁྲབ་སྟོན་གྱི་གདན་ཞུ་མང་པོ་འབྱོར་གྱི་ཡོད། སྔར་ནས་སྐད་གྲགས་ཀུན་ཏུ་ཆོད་པའི་འཇུ་བྲོ་ནི་འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པའི་ལྟད་མོ་ཆེ་ཤོས་ཀྱི་འཁྲབ་ཚན་ཞིག་རེད།

    བསམ་ཡས་དགོན་པའི་ལྡེབས་རིས་དང་གཅིག་མཚུངས་ཀྱི་གྱོན་ཆས་དང་། འཁྲབ་ཆས། གར་སྟབས་བཅས་སོར་ཉར་བྱས་པ་ལས། འཇུ་བྲོ་དེ་ཉིད་ཆེས་གནའ་བོའི་བྲོ་གར་ཡིན་པ་གསལ་པོར་རྟོགས་ལ། བཤད་སྲོལ་ལྟར་ན་ལོ་1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། 2014ལོར་ལྷོ་ཁ་གྲོང་ཁྱེར་གྱི་འཕྱོངས་རྒྱས་འཇུ་བྲོ་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

    ལོ་47ལ་སླེབས་པའི་བསྟན་པ་ཆོས་གྲགས་ནི་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོ་ནས་ཡིན་ཞིང་། འཕྱོངས་རྒྱས་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་ཁྲིད་པ་དང་རྐང་འཛིན་འཁྲབ་སྟོན་པ། འཇུ་བྲོའི་ལྷོ་ཁ་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བཅས་རེད། ཁོང་ནི་མངོན་མིན་རིག་གནས་ཤུལ་བཞག་དེའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉི་མ་ལགས་ཀྱི་དགེ་ཕྲུག་ཀྱང་རེད།

    ལོ་30ཙམ་ལ་འཇུ་བྲོ་སྦྱངས་པ་བརྒྱུད། བསྟན་པ་ཆོས་གྲགས་ཀྱིས་དགེ་རྒན་གྱི་མདུན་ནས་འཇུ་བྲོའི་ཉམས་འགྱུར་དང་སྟངས་སྟབས་ཡོངས་སུ་སྦྱངས་ཐུབ་ལ། བྲོ་གར་ལ་མཁས་པའི་འཁྲབ་སྟོན་པ་གཞན་དག་དང་མི་འདྲ་བར་ཁོང་གིས་འཇུ་བྲོ་འཁྲབ་ཤེས་པ་མ་ཟད། ད་དུང་འཁྲབ་ཁྲིད་ཀྱང་ཤེས་པས། ལོ་ལྔ་བཅུ་ཟིན་ཉེར་ཡོད་པའི་བསྟན་པ་ཆོས་གྲགས་འཇུ་བྲོའི་མི་རབས་གསར་པའི་མཚོན་བྱེད་མི་སྣ་ཞིག་ཏུ་གྱུར་ཡོད།

    “དུས་རབས་དང་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས། གནའ་བོའི་འཇུ་བྲོར་ཡང་དེ་སྔོན་རྒྱུན་འཛིན་ཐད་དཀའ་ངལ་འཕྲད་ཡོད། ཉེ་ལམ་ལོ་ཤས་རིང་། རྒྱུན་མཐུད་སྲུང་སྐྱོང་དང་། སྔོག་འདོན། སྒྲིག་འཛུགས་བཅས་ཡོད་པའི་རྒྱུན་འཛིན་ཐུབ་པས་འཇུ་བྲོར་གསོན་ཤུགས་གསར་པ་རྒྱས་ཏེ། རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་འཁྲབ་སྟོན་བྱེད་བཞིན་ཡོད།

    བསྟན་པ་ཆོས་གྲགས་ཀྱིས། མིག་སྔར་འཇུ་གྲོང་ཚོར་འཇུ་བྲོ་འཁྲབ་མཁན་གྱི་རྐང་འཛིན་པ་30ལྷག་ཙམ་ཡོད། ཤ་གསོས་གྲོང་ཚོ་དང་ཐ་ན་འཕྱོངས་རྒྱས་གྲོང་རྡལ་ལའང་འཇུ་བྲོ་ཡག་པོ་འཁྲབ་མཁན་ཡོད། དེའི་ནང་སློབ་གྲྭ་ཆེ་མོ་བའང་མང་པོ་ཡོད་ཅེས་བརྗོད།

    དགའ་ཞེན་ཆེ་བས་རྒྱུན་འཁྱོངས་བྱེད། བསྟན་པ་ཆོས་གྲགས་ཀྱིས་དགེ་རྒན་དྲིན་ཅན་གྱི་འཁྲབ་རྩལ་མུ་མཐུད་རྒྱུན་བསྐྱངས་ཤིང་། སློབ་དུས་རེ་རེར་སློབ་གྲྭ་འབྲིང་ཆུང་ཁག་ཏུ་འཇུ་བྲོ་སློབ་པར་བསྐྱོད་པ་མ་ཟད། ལོ་ལྟར་དགུན་དུས་སུ་ཡང་གྲོང་ཚོར་འཇུ་བྲོའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། འཇུ་བྲོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་འབད་འབུངས་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།