གཞིས་རྩེ་གྲོང་ཁྱེར་གྱིས་གེགས་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་བ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཐོན་ལས་མ་ལག་བསྐྱར་སྒྲིག་བྱེད་མགྱོགས་སུ་གཏོང་བ། དབུལ་ལོག་སྔོན་འགོག་གི་མཐའ་ཚད་བརྟན་པོར་སྲུང་བ། སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ཞི་མཐུན་དང་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་གཏོད་པ་བཅས་བྱས་ཏེ། གེགས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་ནི་གེགས་ཁུལ་གྱི་འབྱུང་འགྱུར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། གེགས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། མི་འབོར་གྱི་གཞི་ཁྱོན་བཅས་ལ་གཞི་ཚུགས་པ་དང་། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་གཞིགས་པ། གནོད་འཚེ་ཕོག་པའི་རྫོང་གི་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མཐོར་གཏོང་བྱེད་ཐབས་བཅུ”མུ་མཐུད་དོན་འཁྱོལ་བྱེད་པ། རྣམ་གྲངས་དང་མ་དངུལ་གནོད་འཚེ་ཕོག་པའི་རྫོང་ལ་ཕྱོགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། 2025ལོའི་ཁག་དང་པོ་དང་གཉིས་པའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་13.85གེགས་ཁུལ་རྫོང་ལ་བགོ་བཤའ་བརྒྱབ་ཅིང་། དེའི་བཟུང་ཚད་45%ཟིན་ཡོད། ས་སྐྱ་རྫོང་གི་མུའུ་ཁྲི་ཡི་ཐོན་འབབ་མཐོ་བའི་ནས་ཀྱི་དཔེ་སྟོན་རྟེན་གཞི་སོགས་ཐོན་ལས་རྣམ་གྲངས་ཁག་49དང་གེགས་ཁུལ་དུ་དྲོད་ཁང་ཆེན་པོ་ཉམས་བཟོ་སོགས་གུད་སྐྱོབ་དང་ཐོན་སྐྱེད་སླར་གསོའི་རྣམ་གྲངས་ཁག་65ལག་བསྟར་མགྱོགས་པོ་བྱས་པས། གེགས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བ་དེ་མཐའ་ཚད་ཀྱི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་བྱ་ཐབས་ཁག་བཅུ་ལག་ལེན་གཏིང་ཟབ་བསྟར་བ་དང་། འཚོ་རྟེན་ལས་སྤྲོད་དང་། ལས་ཞུགས་རོགས་སྐྱོར། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ལས་གནས་576བརྩོན་ལེན་བྱས་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གནས་3815འབྲེལ་མཐུད་བྱས་པ། མི་2535སྒྲིག་འཛུགས་བྱས་ནས་ངལ་ནུས་ཕྱིར་གཏོང་བཅས་བྱས་ཡོད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྕགས་རྩིབས་བཟོ་པ་དང་། ཚ་ལ་རྒྱག་མཁན། འཕྲུལ་ཆས་བཟོ་པ། ཤིང་བཟོ་བ། ཨར་འདམ་བཟོ་པ་སོགས་ཀྱི་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་མི་ཐེངས་5814བྱས་པ་དང་། ས་གནས་དེ་གའི་མང་ཚོགས་ཁྲི་2.53གྱིས་འཚོ་རྟེན་ལས་སྤྲོད་སོགས་ཀྱི་རྣམ་པའི་ཐོག་ནས་ལས་ཀ་བྱེད་པ་དང་བསྐྱར་སྐྲུན་ནང་ཞུགས་པ་དེས་སྤྱིའི་བཀོལ་སྤྱོད་ལས་མིའི་མི་གྲངས་ཀྱི་46.63%བཟུང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་བརྟན་ལྷིང་དེ་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེན་པོས་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་དོ་དམ་དང་སྤྱི་ཚོགས་ངོས་ཀྱི་འགོག་ཟོན་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཏན་ཏིག་བྱས་ཡོད། མིག་སྔའི་བར། གེགས་ཁུལ་རྫོང་ཁག་གིས་འགལ་བ་དང་རྩོད་གཞི་ཐེངས་2660བབ་བསྟུན་གྲལ་བཤེར་བྱས་ཏེ་གཞི་རིམ་དུ་གནད་དོན་ཐག་གཅོད་ཏན་ཏིག་དང་འགལ་བ་ཐོན་བཟོ་ཡོད་པའི་ས་ནས་སེལ་ཐུབ་པ་བྱས་ནས་གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་སྒྲིག་ལམ་གོ་རིམ་ལྡན་པ་ཡོང་བར་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བསྐྱར་སྐྲུན་ལས་གྲྭ་ཚང་མ“བསླབ་གཞིར”བརྩི་བ་དང་། བསྐྱར་སྐྲུན་བྱ་ཡུལ་ཚང་མ“སློབ་ཁང”ལ་བརྩིས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཟུང་འབྲེལ་གྱིས་གསར་རྙིང་བསྡུར་བའི་འགྱུར་ལྡོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་མྱོང་ཚོར་དངོས་ལ་གཞིགས་ནས་སྔ་རྗེས་སུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྲིད་ཇུས་སྒྲོག་འགྲེལ་སྣ་ཚོགས་ཐེངས་5386བྱས་པར་མང་ཚོགས་མི་ཐེངས་ཁྲི་42.06དེའི་ནང་ཞུགས་ཤིང་། གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བསྐྱར་སྐྲུན་གྱི་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱུང་ནས་ཏང་གི་སེམས་ཁུར་དང་ཐུགས་ཁུར་གང་ལེགས་ཚོར་ཡོད།
འབྲེལ་ཡོད་གསར་འགྱུར།