མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
ད་ཆའི་བོད་ལྗོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། ཟླ་8ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད།
“དེང་གི་བོད་ལྗོངས་དེ་ཉིད་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད”ཝང་ཅུན་ཀྲེང་གིས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་སྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་པས་ད་ལྟའི་བོད་ཀྱི་དར་རྒྱས་གོང་འཕེལ་བྱུང་ཡོད་ལ། དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡང་ཡོང་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད”ཅེས་གསུངས།
དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་སྤུས་ཚད་མཐོ་རུ་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
2024ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2765ཟིན་པ་དེ་གཏན་ཆགས་རིན་གོང་ལྟར་བརྩིས་ན་1965ལོའི་ལྡབ་155ཡིན་པ་རེད། “ལོ་ངོ་60ཡི་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་ཐེངས་དང་པོ་ཟིན་པར་ལོ་50འགོར་མོད། འོན་ཀྱང་སྒོར་དུང་ཕྱུར་ཆིག་སྟོང་ཐེངས་གཉིས་པ་ཟིན་པར་ལོ་6ལས་འགོར་མེད”ཅེས་ཝང་ཅུན་ཀྲེང་གིས་ངོ་སྤྲོད་གནང་བ་རེད།
“2021ལོ་ཚུན། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཏེ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་དེང་རབས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། དེང་རབས་ཐོན་ལས་མ་ལག་རགས་ཙམ་བསྐྲུན་པས། བོད་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མ་ཟད། ད་ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལྷག་ཙམ་ཟིན་ནས་སྒོར་དུང་ཕྱུར་སྟོང་ཕྲག་ཐེངས་གསུམ་པའི་དམིགས་ཚད་ལ་སླེབས་རེ་ཡོད”ཅེས་ཝང་ཅུན་ཀྲེང་གིས་གསུངས།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2024ལོའི་ལོ་མཇུག་ཏུ་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར་དང་ལྕགས་ལམ་འཁོར་སྐྱོད་ཀྱི་ལམ་ཐག་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359སོ་སོར་ཟིན་པ་དང་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་ཁག་183ཟིན་ཡོད། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་གློག་དྲ་བཞི་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། གློག་དྲ་གཙོ་བོ་རྫོང(ཆུས་དང་གྲོང་ཁྱེར)ཚང་མར་ཁྱབ་ཡོད། “བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ཇེ་ལེགས་སུ་ཕྱིན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད”ཅེས་ཝང་ཅུན་ཀྲེང་གིས་གསུངས།
རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། ཀརྨ་ཚེ་བརྟན་གྱིས་2024ལོར་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་འབབ་རིན་ཐང་23.8%འཕར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6389ལ་སྣེ་ལེན་ཞུས་ནས་15.8%འཕར་བའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་188.2%འཕར་ཡོད། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3218.48ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.7%འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
ཐོབ་སྣང་དེ་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་སྲུང་ཐུབ་པ།
2024ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དེ་1965ལོའི་ལྡབ་121ཡིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ་དེ་1965ལོའི་ལྡབ་199ཡིན་པ། “མི་རིགས་ཁག་གི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱུང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད”ཅེས་ཝང་ཅུན་ཀྲེང་གིས་གསུངས།
མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་བོད་འདི་ཉིད་དབུལ་པོ་དབུལ་ནག་གི་གནད་དོན་ལས་རྦད་དེ་ཐར་ཡོད། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་ནས་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་རིང་གཞུང་གྲོན་སློབ་གསོ་སྔོན་ལ་ལག་བསྟར་བྱས་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་བེད་སྤྱོད་ནུས་ལྡན་བྱས་པས་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་པའི་གཟུགས་པོ་བརྟག་དཔྱད་ཁྱོན་ཡོངས་ལ་ཁྱབ་སྟེ་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། དེང་རབས་ཅན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་རེ་རེ་གངས་ལྗོངས་ས་མཐོར་འགྱིང་ངེར་བསྐྲུན་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་འཚོའི་མཐའ་ཚད་སྔར་བས་བརྟན་དུ་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་ཀྱི་རྣམ་གྲངས་རིགས་28བཀོད་སྒྲིག་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་246.5གཏོང་རྒྱུ་འཆར་འགོད་བྱས་ཤིང་། མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་236.78དོན་འཁྱོལ་བྱས་ཡོད། ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་དང་གསོ་རླུང་གཅིག་སྡུད་མཁོ་འདོན་དང་ཞིང་འབྲོག་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་བྱས་པ། གློག་མཁོ་འདོན་བྱེད་ཚད་བརྟན་དུ་ཕྱིན་པ། འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ་སོགས་དམངས་འཚོའི་བྱ་བ་དངོས་རབ་དང་རིམ་པ་དོན་འཁྱོལ་ཐུབ་ཡོད།
“མི་རིགས་ཁག་གི་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་སྤུས་ལེགས་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད”ཅེས་ཀརྨ་ཚེ་བརྟན་གྱིས་གསུངས།
བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ།
སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ཁྲིམས་ལྟར་དོན་འཁྱོལ་ནན་པོ་བྱས་ཤིང་། “མཐོ་གཉིས་དམའ་གཅིག”གི་ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ་མཐའ་འཁྱོངས་བྱས་ནས་སྦགས་བཙོག་གི་ངོ་བོ་ལྡན་པའི་རྣམ་གྲངས་ས་མཐོར་སྤེལ་མི་ཆོག་པ་མཐའ་གཅིག་ཏུ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་བ་དང་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་37.95%བཟུང་སྟེ། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ཞིང་ཆེན་དང་པོར་གྱུར་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། 2024ལོར་ལྗོངས་ཡོངས་ཀྱི་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས། རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ལས་ཐོན་རྫས་ཀྱི་བསྡོམས་འབོར་404ཟིན་ཡོད། ལྗང་མདོག་བཟོ་ལས་མགྱོགས་མྱུར་ཕྱོགས་སྒྱུར་བྱས་པ་དང་2021ལོ་ནས་2024ལོ་བར་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་17དང་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་ལས་གླིང་ཁུལ་1སྐྱེད་སྲིང་བྱས་ཡོད།
ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། 2024ལོར་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བཟུང་བའི་བསྡུར་ཚད་99%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད། རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད་55%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད་བཏང་ཞིང་། ཁྱབ་ཁོངས་ཁག་གི་སྐྱེ་ཁམས་ཁ་གསབ་ལམ་ལུགས་རྒྱུན་ཆད་མེད་པར་བཙུགས་པ་དང་ལེགས་སུ་བཏང་བ་དང་། 2021ལོ་ནས་2024ལོ་བར་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་དང་བྱ་དགའི་མ་དངུལ་བསྡོམས་སྒོར་དུང་ཕྱུར་136.8དོན་འཁྱོལ་བྱས་པ་དང་། ཞིང་འབྲོག་པ་ཁྲི་226.22ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་དང་བྱ་དགའི་སྲིད་ཇུས་ལོངས་སྤྱོད་བྱས་པ། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་བསྡོམས་སྒོར་དུང་ཕྱུར་51.47དོན་འཁྱོལ་བྱས་པ་དང་མང་ཚོགས་ཁྲི་10.3གྱིས་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་གི་ལས་ཀ་བྱས་པ། ལྗོངས་ཡོངས་ལ་ལོ་རེར་སྐྱེ་ཁམས་ལས་གནས་ཁྲི་44སྤྲད་ཡོད།
མིག་སྔར། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། “ང་ཚོས‘རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི’འདུ་ཤེས་བརྟན་པོར་བཙུགས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་སྲུང་སྐྱོང་བའི་མིང་ཐོག་ནས་མཚོ་བོད་ས་མཐོ་དེ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་སྐྱེ་ཁམས་རྒྱུ་ནོར་དུ་འགྱུར་བ་དང་། སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་ཝང་ཅུན་ཀྲེང་གིས་གསུངས།
འབྲེལ་ཡོད་གསར་འགྱུར།