ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་གཉིས་བཀུར་གཞུང་དོན་ཁང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས།
“དམག་བཀུར་མི་སྣ་ཡག་ཤོས”མཉམ་དུ་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ང་ཡི་མི་དམངས་ལ་དགའ་ཞེན་དང་དམག་དཔུང་ལ་དགའ་ཞེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཁྱབ་སྤེལ་ཤུགས་ཆེན་གཏོང་ཆེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་98འཁོར་བའི་སྐབས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་གཉིས་བཀུར་གཞུང་དོན་ཁང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་སྤྱི་ཚོགས་ཡོངས་སུ“དམག་བཀུར་མི་སྣ་ཡག་ཤོས”མཉམ་དུ་ཁྱབ་བསྒྲཌ་བྱས་པ་རེད།
ཀྲང་ཀྲི་ཀོང་དང་། ཡའོ་ཧྭ་ལེང་། ཀྲང་གོ་ཐུང་། ལིའུ་ཧྭ་ཆང་། ཝང་ཡིའུ་མིན། ཧྲི་ཅིན་ཧྭ། ཞུས་ལིང་། ཐུར་ཏི·ཝུའུ་སི་མན་སོགས་བློ་མཐུན་བརྒྱད་དང“དམག་བཀུར་བ་ཨ་མ་རྒན་མོ”མཉམ་སྡེབ་གཟི་བརྗིད་ནང་ཚུད་པ་རེད། ཁོང་ཚོས་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མིར་བརྩི་བཀུར་བཅས་བྱེད་པ་དང་ཁག་གཅིག་གིས་འགྲེམས་སྟོན་ཁང་དང་སློབ་ཁང་བཙུགས་ནས་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཁག་གཅིག་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་དམག་ཞབས་ཐིམ་པའི་དམག་མི་དང་དམག་མིའི་ནང་མིའི་ལས་ཞུགས་དང་ལས་གཏོད་ལ་ཞབས་འདེཌ་ཞུ་བ། ཁག་གཅིག་གིས་རིག་གནས་དང་ཚན་རྩལ་ལ་བརྟེན་ནས་དམག་བཀུར་ཧུར་ཐག་བྱེད་པ། ཁག་གཅིག་གིས་རྒྱལ་གཅེས་དམག་བཀུར་གྱི་བྱ་གཞག་ལ་བརྩེ་བ་བཅངས་ནས་གཞོན་ནུ་དམག་དཔུང་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ། ཁག་གཅིག་གིས་སེམས་ནུས་དང་བརྩེ་སེམས་ཡོད་རྒུར་བརྟེན་ནས་དམག་བཀུར་ཁྱིམ་སྐྱོང་གི་དང་བླང་ཞབས་ཞུའི་ནང་ཞུགས་པ་བཅས་བྱས་ཡོད། ཁོང་ཚོས་དམག་མི་དང་དམག་མིའི་ནང་མི་དང་། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་སེམས་རྩ་འཁོལ་པོས་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་དཔུང་སྡེའི་འཛུགས་སྐྱོང་སྒྱུར་བཅོས་དང་དམག་སྦྱོང་དམག་གྲབས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། དུས་རབས་གསར་པའི་དམག་དམངས་དབར་ཉ་ཆུ་ལྟར་ཟབ་པའི་བརྩེ་དུང་གི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མི་དམངས་དམག་དཔུང་གིས་མི་དམངས་ལ་དགའ་ཞེན་དང་མི་དམངས་ཀྱིས་མི་དམངས་དམག་དཔུང་ལ་དགའ་ཞེན་བྱས་ཏེ“དམག་བཀུར་མི་སྣ་ཡག་ཤོས”མིག་དཔེར་བཟུང་ནས། དམག་གིས་དམངས་ལ་བརྩེ་བ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ཀྱི་སྲོལ་རྒྱུན་སྔར་བས་རང་རྟོགས་ངང་དར་སྤེལ་གཏོང་བ་དང་། དམག་མིའི་ལས་རིགས་ལ་བརྩི་བཀུར་ཞུ་བ། དམག་ཞབས་ཐིམ་པའི་དམག་མིར་བརྩི་འཇོག་བྱེད་པ། གཟིགས་སྐྱོང་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་རང་འགུལ་ངང་དམག་མི་དང་དམག་མིའི་ནང་མིར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ནས་བྲག་རྡོ་ལྟར་བརྟན་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་གི་ཡིན་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི“དམག་བཀུར་མི་སྣ་ཡག་ཤོས”མཉམ་དུ་ཁྱབ་བསྒྲཌ་བྱེད་པའི་མཛད་སྒོའི་ཆེད་དོན་ལེ་ཚན་ཉེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྟོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།