དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་བྱ་ཐབས་ཐོག་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་འབྲེལ་བ་ལེགས་སུ་འགྲོ་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་གྱི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། ཁམ་ཕུ་ཁྲེ་དང་ཐེ་ལན་ཕྱོགས་ཀྱིས་མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་དང་དགའ་བསུ་ཞུ་གི་ཡོད་ལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གོ་བསྐོན་དང་སྐུལ་འདེད་ཀྱི་ལས་སྒྲུབ་འབད་བརྩོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། དྲང་གཞག་དྲང་སྙོམས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཁར། རང་ཉིད་ཀྱི་བྱ་ཐབས་ཐོག་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་འབྲེལ་བ་ལེགས་སུ་འགྲོ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡིན་ཞེས་བརྗོད་པ་རེད།

    གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་4ཉིན་ནས་ཚེས་7ཉིན་བར་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་ལེ་ཞི་ཡར་འཚོག་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་གདན་ཞུས་ལྟར་ཚེས་7ཉིན་འཚོག་རྒྱུའི་མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་ཚོགས་འདུར་ཞུགས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད།

    ཀུའོ་ཅ་ཁུན་གྱིས། ཟླ་7ཚེས་30ཉིན་ཀྲུང་གོ་དང་། ཁམ་ཕུ་ཁྲེ། ཐེ་ལན་བཅས་ཕྱོགས་གསུམ་གྱི་དངོས་གཞི་མིན་པའི་ཐུག་འཕྲད་བདེ་བླག་བྱུང་ཚུན། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་སུ་སླར་ཡང་དམག་འཁྲུག་བྱུང་མེད། ད་ལྟ་ས་ཆ་དེ་གའི་དུས་བབ་རྒྱུན་མཐུད་ཞི་ལྷོད་དུ་འགྲོ་བཞིན་ཡོད་ལ། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་དམག་མཚམས་འཇོག་རྒྱུའི་ཐུན་མོང་ངོས་འཛིན་རིམ་བཞིན་དོན་འཁྱོལ་ཡོང་བཞིན་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མ་ལེ་ཞི་ཡས་མཐུན་སྦྱོར་ཧུར་ཐག་བྱས་པའི་འོག་ཁམ་ཕུ་ཁྲེ་དང་ཐེ་ལན་ཕྱོགས་གཉིས་ཀྱིས་མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་དམག་མཚམས་འཇོག་པའི་ལྟ་སྐུལ་ལམ་སྲོལ་གྱི་ཇུས་གཞི་ཞིབ་ཕྲ་བཟོ་བའི་ཐད་ཐབས་ལམ་མང་པོ་དང་རིམ་པ་མང་པོའི་འབྲེལ་གཏུག་བྱས་པ་དེས་གོ་ཆོད་ལ་རྒྱུན་མཐུད་ཆོག་པའི་ངང་དམག་མཚམས་འཇོག་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཀུའོ་ཅ་ཁུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་ཐེ་ལན་ཕྱོགས་གཉིས་ཀྱི་འདོད་བློ་གཞིར་བཟུང་ཁམ་ཕུ་ཁྲེ་དང་། ཐེ་ལན། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་ཧུར་ཐག་གིས་དམག་མཚམས་བཞག་པའི་དུས་བབ་སྲ་བརྟན་དུ་གཏོང་བ་དང་། འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བ། དུས་བབ་བརྟན་ལ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གོ་བསྐོན་དང་སྐུལ་འདེད་ཀྱི་ལས་སྒྲུབ་འབད་བརྩོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། དྲང་གཞག་དྲང་སྙོམས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཁར། རང་ཉིད་ཀྱི་བྱ་ཐབས་ཐོག་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་འབྲེལ་བ་ལེགས་སུ་འགྲོ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།