རྒྱལ་ཁབ་ཀྱི་ནུས་རྒྱུའི“འཕར་རྩ་ཆེན་པོ”བརྟན་དུ་གཏོང་བ།
—— སི་ཁྲོན་གློག་དྲའི་ལས་གྲྭ་གཙོ་བོ་འཛུགས་སྐྲུན་གྱི་འཐབ་ས་དང་པོའི་སྐོར་བཀོད་པ།
རྔ་པ་དང་ཁྲེང་ཏུའི་ཤར་ངོས་ཀྱི་ཆན་ཧྥུའུ་1000ཟིན་པའི་ཆེས་མཐོ་གནོན་གྱི་སྤེལ་རེས་ལས་གྲྭའི་ཚད་ལྡན་དུམ་བུ་1གི་གློག་ཤིང་གི་རྨང་སྟེགས་ཁག་དང་པོ་འཛུགས་ཡུལ་ལ་གློག་ཤིང་མ་བཙུགས་གོང་གི་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། སྤུས་ཚད་ལྟ་སྐུལ་ཞིབ་བཤེར་པས་བརྟན་ཚུགས་གཅུས་གཟེར་གྱི་མཐོ་ཚད་ཞིབ་ཚགས་ངང་འཇལ་བ་དང་ཨར་སྐྲུན་གྱི་ཉིན་ཐོ་དང་རྒྱུ་ཆའི་སྤུས་ཚད་ཞིབ་བཤེར་གྱི་སྙན་ཞུར་ཞིབ་དཔྱད་ཡང་ཡང་བྱས་ཏེ་ཁྲི་ཙེ་གང་ཡང་མི་འཛོལ་བ་བྱེད་བཞིན་ཡོད།
རྔ་པ་དང་ཁྲེང་ཏུའི་ཤར་ངོས་ལས་གྲྭའི་ཁྲོན་ནུབ་དུམ་བུའི་དོ་བདག་ལག་བསྟར་ཅིང་ལི་གཞོན་པ་ཝང་ཝེ་ཡིས་གློག་ཤིང་འཛུགས་ཡུལ་ལ་མཛུབ་མོ་འཛུགས་བཞིན་དུ“གློག་ཤིང་འདིའི་རྨང་སྟེགས་བཞིའི་མཐོ་ཚད་ལ་སྨི་33ཡོད་པ་དེ་ཐོག་སོ་10ཡི་མཐོ་ཚད་དང་ཧ་ལམ་མཚུངས་ཀྱི་ཡོད”ཅེས་བཤད། ཐང་གཤོང་ཁུལ་དུ་གློག་ཤིང་འཛུགས་པ་དང་མི་འདྲ་བར་ས་མཐོའི་རི་ཁུལ་དུ་ཨར་སྐྲུན་བྱེད་པ་དེ་ནི་གཡང་གཟར་སྟེང་དུ་ཤིང་དུམ་བརྩེགས་པ་ལྟར་དཀའ་ཚེགས་ཧ་ཅང་ཆེ་བ་དང་རྨང་སྟེགས་འཛུགས་རིམ་བཞིན་རི་བབ་དང་། གནམ་གཤིས། ས་གཤིས་ཆ་རྐྱེན་བཅས་ཀྱི་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད།
རྣམ་གྲངས་ཀྱི་ཚད་ལྡན་དུམ་བུ་1གི་སྤྱི་ཁྱབ་བཟོ་བཀོད་པ་ལིན་ཅ་ཤིན་གྱིས་དཔྲལ་བའི་རྔུལ་ཆུ་འཕྱིས་བཞིན་དུ“འདི་ནི་ལས་གྲྭ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་ཆ་རྐྱེན་ཞན་ཤོས་ཀྱི་དུམ་བུ་ཞིག་རེད”ཅེས་བརྗོད་པ་ལས་སེམས་ལྷོད་ལ་བབ་པའི་རྣམ་འགྱུར་ཞིག་མངོན་ཞིང་། ཁོང་གིས“ལོ་ལྟར་དགུན་དུས་ཟླ་བ་བཞི་རིང་ངལ་གསོ་རྒྱག་པ་དང་། ཆར་ཆུ་མང་བའི་དུས་སུ་ས་སོབ་སོབ་ཆགས་པར་བརྟེན་རྒྱུ་ཆ་སྐྱེལ་འདྲེན་བྱེད་པར་འཕྲུལ་ཆས་སྤྱོད་དགོས་ཀྱི་ཡོད” ད་ཆ་གློག་ཤིང་གི་རྨང་སྟེགས་ཁག་དང་པོ་གཞི་རྩའི་ཆ་ནས་ཞིབ་བཤེར་རྩིས་ལེན་བྱུང་བ་དང་གོམ་སྟབས་རྗེས་མར་གློག་ཤིང་སྒྲིག་སྦྱོར་བྱ་རྒྱུ་དེ་འགག་སྒྲོལ་ནང་གི་འགག་སྒྲོལ་ཞིག་རེད་ཅེས་བཤད།
འདི་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོའི་ནང་གི་ས་མཐོར་སྤེལ་བའི་ལས་དོན་ཆེན་པོ་ཞིག་རེད།
རྔ་པ་དང་ཁྲེང་ཏུའི་ཤར་ངོས་ཀྱི་ཆན་ཧྥུའུ་1000གི་མཐོ་གནོན་སྤེལ་རེས་ལས་གྲྭ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གློག་ཤུགས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། རིང་ཚད་ཡོངས་ལ་སྤྱི་ལེ་371.7ཟིན་པ་དང་། རྔ་པ་དང་ཁྲེང་ཏུའི་ཆེས་མཐོ་གནོན་གློག་སྒྱུར་ས་ཚིགས་གཉིས་དང་འབྲེལ་མཐུད་ཐུབ་པ། རྔ་པ་དང་། མན་དབྱང་། ཏེ་དབྱང་། ཙེ་དབྱང་བཅས་གྲོང་ཁྱེར(ཀྲོའུ)བཞི་ཡི་ནུས་རྒྱུ་གཙང་མའི་ཐོན་ཁུངས་དང་ཐེག་ནུས་ལྟེ་གནས་དང་འབྲེལ་ཡོད། ལས་གྲྭར་ཁྱོན་གློག་ཤིང་1414གསར་དུ་འཛུགས་དགོས་པ་དང་ལི་རྫོང་གི་དུམ་བུ་ཁོ་ནས་རིང་ཚད་ཡོངས་ཀྱི་རི་མཐོ་གཡང་གཟར་གྱི་ལམ་དུམ་གྱི་50%བཟུང་ཡོད།
ལས་གྲྭ་བསྐྲུན་རྗེས། རྔ་པའི་ནུས་རྒྱུ་གཙང་མ་དེ་དག་ཁྲེང་ཏུའུ་སོགས་ཀྱི་ཐག་ཉེ་སར་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་ཆེས་ཆེར་ཕྱིན་ནས་ཁྲེང་ཏུའི་ཡུག་འབྲེལ་གྲོང་ཚོགས་ཀྱི་གློག་སྤྱོད་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།
རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཐད་རྒྱུག་ཀུང་སིའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ལས་གྲྭ་གྲ་སྒྲིག་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོའུ་ལི་ལུང་གིས“རི་རྩེ་ནས་གློག་ཏུའུ་གཅིག་གཏོང་བར་ཡང་མི་སྟོང་ཕྲག་དུ་མས་སྐད་གྲགས་མེད་པར་བརྟན་སྲུང་བྱེད་དགོས་ཀྱི་ཡོད”ཅེས་བཤད།
ཆེས་མཐོ་གནོན་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི“འཕར་རྩ་ཆེན་པོ”ཡིན་ལ་ནུས་རྒྱུ་གཙང་མ་ས་ཁོངས་བསྒྲལ་ནས་འཁོར་རྒྱུག་བྱེད་པའི“མྱུར་བགྲོད་གཞུང་ལམ”ཡང་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སི་ཁྲོན་གློག་དྲྭས་རིམ་རྩིས་བརྒྱབ་ན་གཙོ་གནད་ལས་གྲྭ་ཁག་བརྒྱ་ལྷག་ཙམ་ལག་བསྟར་བྱས་ནས་ཞིང་ཆེན་ཕྱི་ནང་གི“ནུབ་གློག་ཤར་སྐྱེལ”གྱི་བགྲོད་ལམ་གཙོ་བོ་བསྐྲུན་པ་དང་། ནུས་རྒྱུ་གཙང་མ་ཕྱི་ཕྱོགས་སུ་སྐྱེལ་ནུས་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ཆན་ཝ་ཁྲི་3060ནས་ཆན་ཝ་ཁྲི་5700བར་མཐོ་རུ་སོང་ཡོད།
མྱག་ལོ་གྲོང་རྡལ་གྱི་ས་མཐོའི་ལས་ཡུལ་དུ་ལོག་སྐབས་འཛུགས་སྐྲུན་པ་ཚོས་འགག་སྒྲོལ་དུས་མཚམས་གསར་པ་བསུ་རྩིས་བྱེད་བཞིན་མཆིས།
ཝང་ཝེས“གོམ་སྟབས་རྗེས་མར་ང་ཚོས་གློག་ཤིང་སྒྲིག་སྦྱོར་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་དང་། སྐྱེ་ཁམས་ཉམས་ཞན་ཁུལ་དུ་ཁོང་ཚོས་གློག་ཤིང་བསྡམས་ཏེ་གཡོ་འགུལ་མི་ཐེབས་པ་བྱེད་གང་ཐུབ་བྱས་པ་དང་། དེ་ནས་ཐང་གཤོང་ཁུལ་དུ་དཔྱང་འདེགས་འཕྲུལ་ཆས་ཆེ་གྲས་སྤྱད་དེ་འཕྲུལ་ཆས་ཅན་གྱི་སྒྲིག་སྦྱོར་བྱས་ནས་ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོར་གཙོ་གནད་ལས་གྲྭ་མི་ཉུང་བ་ཞིག་བསྐྲུན་ནས་འཁོར་རྒྱུག་བྱ་རྒྱུ་ཡིན་ཞིང་། སྐབས་དེ་དང་བསྟུན་ནས་ས་མཐོ་ནས་བཏང་བའི་ནུས་རྒྱུ་གཙང་མའི་ཆུ་གློག་བར་མེད་ངང་གློག་ཤུགས་ཐེག་ཚད་ལྟེ་གནས་སུ་འབྱོར་ནས་ཐོན་སྐྱེད་ནུས་ཤུགས་གསར་མར་ནུས་རྒྱུའི་འདེཌ་སྐྱོར་ཆེན་པོ་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།