དམག་དམངས་བརྩེ་སེམས་ཉ་ཆུ་ལས་ཀྱང་ཟབ།
ལོ་40ལྷག་ཙམ་རིང་བརྟན་སྲུང་བྱས་ཏེ་ས་བབ་སྨི་4000ལྷག་ཙམ་ཟིན་པའི་གངས་རིར་མི་སེམས་འགུལ་བའི་དམག་བཀུར་གྱི་བསྟོད་གླུ་བརྩམས་ཡོད།
ལོ་40ལྷག་ཙམ་རིང་། ཁོང་ཚོས་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྔོ་ཚལ་ཏུན་བཅུ་གྲངས་ཁ་ཤས་དང་སྦྲག་བསྐུར་ཁྲི་5ལྷག་ཙམ་བསྐྱལ་ཡོད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་98འཁོར་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་གཉིས་བཀུར་གཞུང་དོན་ཁང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་སྤྱི་ཚོགས་ཡོངས་ལ“དམག་བཀུར་མི་སྣ་ཡག་ཤོས”ཡོངས་བསྒྲགས་བྱས་པའི་ནང་མི་སྒེར་8དང་མཉམ་སྡེབ་1ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད།
བློ་གཅིག་སེམས་གཅིག་གིས་དམག་གཅེས་དམག་བཀུར་བྱེད། ཁོང་ཚོས་སྤྲོ་སེམས་ཆེན་པོས་དམག་མི་དང་། དམག་མིའི་ནང་མི། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། དཔུང་སྡེ་འཛུགས་སྐྱོང་སྒྱུར་བཅོས་དང་དམག་སྦྱོང་དམག་གྲབས་ལ་རྒྱབ་སྐྱོར་ཤུགས་ཆེན་ཡང་བྱས་ཡོད། མི་སེམས་འགུལ་བའི་ཁོང་ཚོའི་དམག་བཀུར་གྱི་གཏམ་རྒྱུད་རེ་རེ་ལས་དུས་རབས་གསར་པའི་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་མངོན་ཡོད།
དེའི་ཁྲོད་བོད་རང་སྐྱོང་ལྗོངས་གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོ་ནས་ཡིན་པའི་ཚེ་རིང་ཆོས་སྒྲོན་དང་། དར་སྐྱིད། བུ་ཁྲིད་བཅས་བོད་རིགས་ཨ་མ་རྒན་མོ་གསུམ་གྱིས་ལོ་40ལྷག་ཙམ་རིང་བརྟན་སྲུང་བྱས་ཏེ་ས་བབ་སྨི་4000ལྷག་ཙམ་ཟིན་པའི་གངས་རིའི་འདབས་སུ་མི་སེམས་འགུལ་བའི་དམག་བཀུར་གྱི་བསྟོད་གླུ་བརྩམས་ཡོད།
སྔོན་ཆད་མཐའ་སྲུང་སོ་ལྟ་ཁང་གི་ཆ་རྐྱེན་དཀའ་ཚེགས་ཆེ་བས། འཐབ་འཛིང་པ་ཚོར་སྔོ་ཚལ་སོས་པ་བཟའ་རྒྱུ་ཧ་ཅང་དཀོན། 1982ལོ་ནས་བཟུང་། ཁོང་ཚོས་གཟའ་འཁོར་གཉིས་རེར་རིན་ཆེན་སྒང་གྲོང་ཚོ་ནས་རྡོག་ཐོན་གྱིས་ལ་བརྒྱབ་སྟེ། དཔོན་དམག་ཚོར་སྔོ་ཚལ་སོས་པ་དང་འཚོ་བའི་དངོས་ཟོག་སྐྱེལ་བར་འོང་གི་ཡོད། རྗེས་སུ་སོ་ལྟ་ཁང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་ནས་སྔོ་ཚལ་སྐྱེལ་མི་དགོས་ནའང་། ཁོང་ཚོས་སྔར་བཞིན་དཔོན་དམག་ལ་འཕྲིན་ཡིག་དང་བསྐུར་མ་སྐྱེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལོ་40ལྷག་ཙམ་རིང་། ཁོང་ཚོས་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྔོ་ཚལ་ཏུན་བཅུ་གྲངས་ཁ་ཤས་དང་སྦྲག་བསྐུར་ཁྲི་5ལྷག་ཙམ་བསྐྱལ་ཡོད།
ལོ་ལྟར་ཟླ་མཆོད་དུས་ཆེན་འཆར་རིམ་བཞིན་སོ་ལྟ་ཁང་གི་འཐབ་འཛིང་པས་ཟླ་མཆོད་བག་ལེབ་ཨ་མ་རྒན་མོ་ཚོས་སྔོ་ཚལ་སྐྱེལ་བར་འོང་དུས་བར་ཉར་ནས་ཁོང་ཚོ་དང་མཉམ་དུ་ཟ་གི་ཡོད། ལོ་གསར་དང་དུས་ཆེན་གཏོང་སྐབས། ཁོང་ཚོས་ཇ་སྲུབས་མ་ཞིམ་པོ་བཟོས་ནས་ཁྱེར་འོང་སྟེ་དཔོན་དམག་ཚོར་འཚམས་འདྲི་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་དམག་ཞབས་ཐིམ་པའི་དམག་མི་དམག་ཁོངས་ནས་ཁ་བྲལ་བའི་སྐབས། ཨ་མ་རྒན་མོ་ཚོས་རྟག་ཏུ་མིག་ལ་མཆི་ཞགས་འཁོར་བཞིན་དུ་དམག་མིར་ཁ་བཏགས་གཡོགས་ནས་སྐྱེལ་མ་བྱེད་ཀྱི་ཡོད། དམག་དམངས་དབར་གྱི་བརྩེ་བ་ནི་ས་མཐོའི་སྐལ་བཟང་མེ་ཏོག་དང་འདྲ་བར་དྭངས་གཙང་ལྷད་མེད་དང་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།