མཚོ་སྔོན་གོར་མོ།
གྲམ་ཐང་སྟེང་དུ་ཆགས་པའི་ཚྭ་མཚོའི་གྲོང་ཁྱེར་ཆུང་ངུ་།
ཚྭ་འདམ་གཤོང་སའི་མཐིལ་དུ་གནས་པའི་མཚོ་སྔོན་གྱི་གྲོང་རྡལ་ཆུང་ངུ་གོར་མོ་ནི་ཚྭ་མཚོ་ལས་དར་བའི་གྲོང་ཁྱེར་ཞིག་རེད།
མཚོ་མོ་ཡངས་ཤིང་ལྷིང་འཇགས་པ་དང་ཚྭ་འདོན་གྲུ་མཚོ་སྟེང་དུ་དལ་གྱིས་གཏོང་བཞིན་ཡོད་ཅིང་། ད་ཆ་ཚྭ་མཚོ་དཀར་མོ་དེ་རྒྱལ་ཡོངས་ཀྱི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། ཚྭ་མཚོ་དཀར་མོ་ནས་ཐོན་ཏེ་ལྷོ་ཕྱོགས་སུ་བསྐྱོད་ན་ཆུ་ཚོད་གཅིག་ཀྱང་མ་འགོར་བར་གོར་མོ་གྲོང་ཁུལ་དུ་སླེབས་ཀྱི་ཡོད།
གོར་མོར་འཚོ་བ་བསྐྱལ་ནས་ལོ་50ཙམ་སོང་བའི་གྲོང་མི་ཀྲའོ་ཅུན་གྱིས“གོར་མོར་འབེལ་ཤོས་ནི་ཚྭ་ཡིན། དེ་ཕུད་པའི་དངོས་ཟོག་ཚང་མ་དཀོན་པོ་ཡོད། གྲོང་མི་མང་ཆེ་བ་ནི་སྔོན་མ་ཚྭ་སྔོག་པར་ཡོང་ནས་དེ་གར་གཞིས་ཆགས་པ་ཤ་སྟག་རེད”ཅེས་བཤད། གྲམ་ཐང་དུ་གནས་པའི་དབང་གིས་གོར་མོར་ལོ་ལྟར་བྱེ་རླུང་མང་པོ་འཚུབ་ཀྱི་ཡོད། ས་གནས་དེས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དུ་ཆུ་འདྲེན་པ་དང་གྲོང་ཁུལ་གྱི་མ་ལམ་ཚང་མར་ཆུ་ཡུར་བསྐྲུན་ཞིང་། གོར་མོའི་ཆུ་བོ་དལ་གྱིས་བཞུར་ནས་གྲོང་ཁྱེར་འདིར་གསོན་ཤུགས་བསྣན།
གོར་མོའི་ཁྲོམ་གཞུང་རྒྱ་ཆེན་པོ་མེད་ལ། སྐྲུན་དངོས་ཀྱང་ཐར་ཐོར་དུ་གནས་ཤིང་། ཐོག་བརྩེགས་ཁང་པ་ཉུང་ཤས་དག་ནི་ཁོད་སྙོམས་པའི་གྲམ་ཐང་སྟེང་དུ་ཧ་ཅང་མངོན་གསལ་དོད་པོ་ཡོད། ས་གནས་དེ་གའི་མིས་གོར་མོར་བྱེ་རླུང་འཚུབ་ཆེ་བ་དང་ས་རྒྱའང་ཆེ་བ་དེའི་གནོད་འཚེ་ཆུང་དུ་གཏོང་ཆེད། སྐྲུན་དངོས་མང་ཆེ་བ་ཐོག་བརྩེགས་དྲུག་ལས་མེད་ཅེས་བཤད།
གནམ་གཤིས་དྭངས་པའི་དུས་སུ། གོར་མོ་གྲོང་ཁུལ་ནས་ཁུ་ནུ་རི་རྒྱུད་མཐོང་ཐུབ།
རྒྱལ་ལམ་109ཡི་གཞུང་ལམ་གཞོགས་གཉིས་ཀ་གྲམ་ཐང་ཡིན་པ་དང་ཁུ་ནུ་རི་བོའི་ཉག་ཁ་བརྒལ་ན་ད་གཟོད་ལྗང་མདོག་མཐོང་ཐུབ། ཁུ་ནུ་རི་བོའི་རྩེ་མོར་ལོ་ལྟར་ཁ་བས་བཀླུབས་པ་དང་ཉི་འོད་ཕོག་སྐབས“ཉི་འོད་གསེར་རིར་འཕྲོས་པའི”བརྗིད་ཉམས་ལྡན་པའི་རྣམ་པ་མངོན་གྱི་ཡོད།
གོར་མོའི་ཤར་འདབས་སུ་འོད་ཤུགས་ཤེལ་ལེབ་ནི་རྒྱ་མཚོ་སྔོན་པོ་དང་འདྲ་བ་དང་རླུང་ཤུགས་གློག་འདོན་འཕྲུལ་འཁོར་གྲལ་སྟར་བསྒྲིགས་ཤིང་། གྲམ་ཐང་དུ་ལྷགས་པ་ཆེན་པོ་བརྒྱབ་པ་ལས་གནས་དེ་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་ས་ཡག་པོ་ཞིག་ཏུ་གྱུར།
ས་སྲོད་ཀྱི་གོར་མོ་གྲོང་ཁུལ་དུ་མི་རྣམས་སྲོལ་རྒྱུན་གྱི“སྐམ་ཐོག་གྲུ་ཁའི”མཚན་ཁྲོམ་དུ་འཛོམས་པ་དང་ལུག་ཤ་བསྲེགས་མའི་དྲི་ཞིམ་དང་ཤིང་ཏོག་གི་དྲི་ཞིམ་གཅིག་ཏུ་འདྲེས་ཤིང་། ཡུལ་སྐོར་བ་ཚོས་ལག་ཐོགས་ཁ་པར་བཟུང་ནས་ནུབ་ཁའི་ཉི་འོད་ཁྲོད་ཀྱི་གྲོང་ཁྱེར་གྱི་རྣམ་པ་པར་རྒྱག་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།