“གྲོང་ཚོ་མཛེས་པ་དང་། མི་སེམས་མཐུན་པ། ཐུན་མོང་ཕྱུག་འགྱུར”བཅས་ཀྱི་རྣམ་པ་གསར་པ་བཏོད་པ།
—— རང་ལྗོངས་ཀྱིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་རགས་ཙམ་བཀོད་པ།
འདི་ནི་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོའི་རྣམ་པ་ཡིན་པ།
ཟླ་བ་6པར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གྲོང་ནས་ཐོན་ཏེ་ཤང་གྲོང་ལམ་བརྒྱུད་རླངས་འཁོར་བཏང་ནས་བྱང་ཕྱོགས་སུ་སྐྱོད་སྐབས། ལམ་རྒྱུད་དུ་འཕྲེད་གཞུང་དུ་ཁྱབ་པའི་ཞིང་ཁ་དང་རྒྱང་རིང་གི་ཤིང་ནགས་ཁྲོད་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་བརྙན་མཐོང་རྒྱུ་འདུག ཆུ་ཤུར་རྫོང་ཆུ་ཕུ་གྲོང་ཚོར་སྐྱོད་སྐབས་ལམ་སྒྲོན་གྲལ་འགྲིག་པོ་ཡོད་པ་དང་། ཞིང་དུད་ཀྱི་སྒོ་འགྲམ་བར་ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་བཏིང་ཞིང་། སྤྱི་པའི་གསང་སྤྱོད་དང་། ཆུ་འབུད་ཡུར་བུ། གཡུལ་ཐང་། ལུས་སྦྱོང་ཡོ་བྱད་སོགས་ཀྱི་སྒྲིག་བཀོད་ཆ་ཚང་པོ་འདུག
འདི་ནི་རང་ལྗོངས་ཀྱི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་བསྡུས་རིས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་བེད་སྤྱོད་ནན་ཏན་བྱས་ནས། ཞིང་འབྲོག་ཁུལ་གྱི“ལེགས་སུ་གཏོང་བ་དྲུག”དང་གྲོང་གསེབ་ཀྱི“ལེགས་འགྱུར་བཞིའི”ལས་དོན་དང་ཟུང་འབྲེལ་གྱིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བཅས་བྱས་ཏེ། བསམ་པའི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་ཆ“གྲོང་ཚོ་མཛེས་པ་དང་། མི་སེམས་མཐུན་པ། ཐུན་མོང་ཕྱུག་འགྱུར”བཅས་ཀྱི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་གཞི་མང་པོ་ས་མཐོའི་ས་གཞི་ཆེན་པོར་ཁྱབ་བཞིན་མཆིས།
གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ།
གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་གཏོང་ཆེད། ཆུ་ཤུར་རྫོང་གིས་མ་དངུལ་སྒོར་ཁྲི་3993.61སྤྱི་འདོམས་བྱས་ནས། ཆུ་ཕུ་གྲོང་ཚོའི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་ཞིང་། འཛུགས་སྐྲུན་རྣམ་གྲངས་ནང་ཨར་འདམ་ལམ་སྐྲུན་པ་དང་། ལམ་སྒྲོན་གསལ་དུ་གཏོང་བ། སྔོ་འགྱུར། དེ་བཞིན་ས་འོག་སྦུག་དྲ་སྒྱུར་བཀོད་སོགས་ཚུད་ཡོད་པ་དང་། ཟླ་བ་7རིང་འཛུགས་སྐྲུན་བྱས་པ་བརྒྱུད་ཆུ་ཕུ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ཀྱི་གྲོང་ཚོ་ཞིག་ཡིན་པའི་ཆུ་ཕུ་གྲོང་ཚོའི་དུད་ཚང་ཚང་མས་ཕྱུགས་རིགས་གསོ་ཚགས་བྱེད་ཀྱི་ཡོད། དེ་སྔ། འཚོ་བའི་ཆ་རྐྱེན་ཡག་པོ་མེད་པའི་རྐྱེན་གྱིས་ཡུལ་མི་མང་ཆེ་བས་རང་ཁྱིམ་གྱི་རྒྱབ་མདུན་དུ་ཕྱུགས་ར་རྒྱག་གི་ཡོད་པས། མི་ཕྱུགས་མཉམ་སྡོད་དང་ལྕི་བ་དང་གཟན་རྩྭ་གང་སར་ཕུང་གསོག་ཐེབས་ཀྱི་ཡོད།
འདི་ནི་སྤོ་ལོ་ཤིང་བརྐོས་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཚེ་འཕེལ་གྱིས་ཤིང་བརྐོས་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཆུ་ཕུ་གྲོང་ཚོས་གོང་རིམ་གྱི་བཀོད་སྒྲིག་བླང་བྱ་དང་ལེན་ཧུར་ཐག་ཞུས་ནས། དུད་ཚང་ཚང་མར་གྲལ་བཤེར་དང་། སྲིད་ཇུས་དྲིལ་བསྒྲགས། རིགས་དབྱེ་ཇུས་འདོན་བཅས་བྱས་ཏེ་མི་ཕྱུགས་ལོགས་དབྱེའི་ལས་དོན་ལ་སྐུལ་འདེད་གནད་སྨིན་བཏང་ཡོད། མིག་སྔའི་བར། ཆུ་ཕུ་གྲང་ཚོ་ཡོངས་སུ་མི་ཕྱུགས་ལོགས་དབྱེ་ཐུབ་པ་དང་། ཁྱོན་དུད་ཚང་461མི་ཕྱུགས་ལོགས་དབྱེ་ཐུབ་ནས་སྡོད་གནས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལོ་མཇུག་བར། རང་ལྗོངས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་300གསར་དུ་བསྐྲུན་ནས། དུད་ཚང་ཁྲི་4.3གྱི་མི་ཕྱུགས་ལོགས་དབྱེ་བྱས་པ་དང་གསང་སྤྱོད་ཁྲི་2.4སྒྱུར་བཀོད་བྱས་ཡོད།
བསམ་པའི་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ།
མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པར་མི་དམངས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་ལ། བསམ་པའི་འཚོ་བའི་དགོས་མཁོ་དེ་བས་ཀྱང་སྐོང་དགོས། དེའི་ཐད། རང་ལྗོངས་ཀྱིས་རིག་གནས་དམངས་ཕན་བྱེད་སྒོ་ཤུགས་ཆེན་སྤེལ་ནས“གྲོང་ཚོའི་མཚན་ཚོགས”དང་། ཐང་ཆེན་ཞབས་བྲོ། སྒྱུ་རྩལ་དུས་སྟོན་སོགས་གྲོང་གསེབ་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཧུར་ཐག་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
2025ལོའི་བོད་ཀྱི་ལོ་གསར་རིང་། ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་ཡུལ་མི་ཚོའི་དགའ་སྤྲོའི་དགོད་སྒྲ་འཕན་པོའི་ལུང་གཞུང་དུ་གྲགས་ཤིང་། “དཔྱིད་གསར་དུས་སུ་གཞི་རིམ་དུ་སྐྱོད་པ”དང་བོད་ཀྱི་ལོ་གསར་གྱི་ལྷུན་གྲུབ་རྫོང་གི“གྲོང་ཚོའི་མཚན་ཚོགས”བྱེད་སྒོ་ལས་མང་ཚོགས་ཀྱི་དུས་ཆེན་གྱི་འཚོ་བ་འཁྲུག་ཆ་དོད་དུ་བཏང་ཡོད།
བྱེད་སྒོ་སྤེལ་རིང་། ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོའི་རིག་རྩལ་རུ་ཁག་གིས《ཨར་གཞས》འཁྲབ་པ་དང་སྦྲགས་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། སྙན་འཇེབས་ལྡན་པའི་གླུ་སྒྲ་དང་སྟངས་སྟབས་འཁྱུག་པའི་ཞབས་བྲོ་ལས་སྲོལ་རྒྱུན་དམངས་ཁྲོད་ཀྱི་གླུ་གར་རིག་རྩལ་གྱི་རྣམ་པ་མངོན་པར་བྱས་པས། ལོ་ངོ་སྟོང་ཕྲག་རིང་གི་བོད་རིགས་མི་དམངས་ཀྱི་བབ་ཆགས་པའི་ངལ་རྩོལ་གྱི་སྙིང་སྟོབས་དང་དམངས་ཁྲོད་རིག་རྩལ་གྱི་ཉམས་པ་མེད་པའི་གསོན་ཤུགས་ཆེན་པོ་མངོན་ཡོད། རང་ལྗོངས་ཀྱི་གྲགས་ཅན་གླུ་པ་དང་། གཏམ་བརྗོད་ཟློས་གར་འཁྲབ་སྟོན་པ། དེ་བཞིན་ལྷུན་གྲུབ་རྫོང་གི་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་བཅས་ཀྱིས་ལྟད་མོ་ཆེ་བའི་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་པར་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་ཡུལ་སྲོལ་བཟང་པོ་འཛུགས་སྐྱོང་དང་མི་རིགས་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཀྱི་ལོ་གསར་དང་ཞོ་སྟོན་སོགས་སྲོལ་རྒྱུན་གྱི་དུས་ཆེན་སྐབས་ལྟད་མོ་ཆེ་བའི་ལྷ་མོ་དང་ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་། གྲོང་གསེབ་ཏུ་ཁྱབ་པའི“ཞིང་ཁྱིམ་དཔེ་ཁང”དེ་བཞིན་དུས་བཀག་ལྟར་གཉེར་བའི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དཔེ་ཀློག་བྱེད་སྒོ་བཅས་ལས་བོད་ཀྱི་གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་ཉིན་རེ་ལས་མ་འདས་པར་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཁྱད་ལྡན་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ།
ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ཀྱི་རྨང་རྡོ་ཡིན་ཞིང་། ཡུལ་སྐོར་དང་སྐྱེ་ཁམས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པར་བྱ་ཆེད། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དཔེ་གདགས་ཤང་དཔེ་ཐོག་གྲོང་ཚོས་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བརྩོན་ལེན་བྱས་ནས་ཁྱད་ལྡན་དམངས་སྲོལ་གནས་ཚང་དང་། ཞིང་ནང་སྒར་ས། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་དེ། མང་ཚོགས་ལ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་སོགས་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱས་ཡོད།
ད་ཆ་རང་ལྗོངས་ཀྱི་ས་གནས་ཁག་གིས་ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མེ་ཏོག་རྫོང་དུ“འབྲས་ཞིང་ཉ་གསོ”དང“སྐྱེ་ལྡན”ལ་མཉམ་དུ་ཤུགས་བརྒྱབ་ནས་ཆུ་འབྲས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་དང་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་དང་དུས་མཚུངས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཆུང་ངུར་ཡུལ་དེ་གའི་མང་ཚོགས་ཀྱིས“སྐྱེ་ཁམས་ཡུལ་སྐོར་དང་། དམངས་སྲོལ་ཉམས་ལེན། དྲ་ཐོག་ཚོང་དོན་ལས་སྟེགས་བཅས་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་བཏོད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ས་མཐོའི་མཛེས་མཐུན་གྲོང་ཚོ་1000བསྐྲུན་པས། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་མ་ཟད། མི་སྡོད་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་གྲོང་གསེབ་བཅོས་སྐྱོང་དེ་བས་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།