དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་ཚོའི་བཀོད་པ་མཛེས་པོར་གྱུར། མང་ཚོགས་བདེ་སྐྱིད་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-08

    “ད་ལྟ་གྲོང་ཚོ་གཙང་ཞིང་གྲལ་སྒྲིག་པ་མ་ཟད། ཁྱིམ་ཚང་ཡང་དེ་བས་གཙང་མར་གྱུར་འདུག”ཅེས་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོའི་ཡུལ་མི་ཉི་མ་མཚམས་གཅོད་ཀྱིས་སྒོ་རའི་ནང་གི་གཙང་ཞིང་ཁོད་སྙོམས་པའི་ཨར་འདམ་ལམ་ལ་ལྟ་བཞིན་དུ་དགའ་སྤྲོའི་ངང་དེ་ལྟར་བཤད། ཆིང་ཏའོ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་62.6སྤྱི་འདོམས་བྱས་ནས་ལྷ་ཁུད་གྲོང་ཚོའི་ཞིང་འབྲོག་པའི་དུད་ཚང་58ལ་སྒོ་འགྲམ་བར་ཨར་འདམ་ལམ་བཟོས་ཏེ“གནམ་གཤིས་དྭངས་དུས་ཐལ་རྡུལ་དང་ཆར་པ་འབབ་དུས་འདམ་བག་གི་ལམ་བུའི”རྣམ་པ་མཇུག་འགྲིལ་ཡོད།

    ལྷ་ཁུད་གྲོང་ཚོ་ནི་ཆིང་ཏའོ་ཡི་ཁག་བཅུ་པའི་བོད་སྐྱོར་ཚོགས་ཆུང་གིས་སྒོར་ཁྲི་2000ཙམ་བཏང་ནས་ལག་ལེན་བསྟར་བའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་རྣམ་གྲངས་ཤིག་རེད། ད་ལྟའི་ལྷ་ཁུད་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ནས་རྐང་རྩེད་ལག་རྩེད་སྤོ་ལོ་ཐང་དང་། སྤྱི་པའི་ཁྲུས་ཁང་། དམངས་ཕན་ཞབས་ཞུའི་ས་ཚིགས། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་། བུ་བཅོལ་ཁང་སོགས་སྤྱི་པའི་ལྷན་སྦྱར་ཞབས་ཞུའི་སྒྲིག་བཀོད་ཚང་མ་འཛོམས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་བསམ་གྲུབ་རྩེ་ཆུས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་གཞན་ཞིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བའི“ལས་གྲྭ་ཨང་དང་པོར་བརྩིས་ནས“ཧྲུའུ་ཅིའི་ལས་གྲྭ”ལྟར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚད་གཞི་མཐོ་པོས་འཆར་འགོད་དང་ཚུགས་གནས་མཐོ་པོས་སྐུལ་འདེད་བཏང་བ་དང་སྔ་རྗེས་སུ་ཞིབ་འཇུག་བཀོད་སྒྲིག་ཚོགས་འདུ་ཐེངས་10ལྷག་ཙམ་འཚོགས་པ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་མཛུབ་ཁྲིད་ཐེངས་30ལྷག་ཙམ་བྱས་ནས་དམིགས་ཚད་ཁ་གསལ་བཟོ་བ་དང་། འགན་འཁྲི་ནན་དུ་གཏོང་བ། དོན་འཁྱོལ་ནུས་ལྡན་བཅས་བྱས་ཡོད།

    བསམ་གྲུབ་རྩེ་ཆུས་ཀྱིས་མིག་སྔའི་འཕེལ་རྒྱས་དང་ཕུགས་ཀྱི་འཕེལ་རྒྱས་ཟུང་འབྲེལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཅིག་གྱུར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ“ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་སྤུས་ཚད་མཐོ་ཞིང་ཕན་ནུས་ཆེ་བའི་མཉམ་འདྲེས་བྱ་རྒྱུར་སྤྱི་འདོམས་ཀྱིས་འཕེལ་རྒྱས་ཀྱི་ངེས་གནས་དང་། ད་ལྟའི་གནས་ཚུལ་གྱི་མངོན་མེད་སྟོབས་ཤུགས། ཁྱད་ལྡན་ལེགས་ཆའི་གཞི་གྲངས་བཅས་ཤེས་རྟོགས་གསལ་པོ་བྱེད་པ་དང་། སྒྲིག་ཁོངས་གྲོང་ཚོའི་འཆར་འགོད་གསེད་བཀྲོལ་ནན་ཏན་དང་རིམ་དབྱེ་རིགས་དབྱེ་བྱས་ནས་འཆར་གཞི་ཞིག་མཐར་ཕྱིན་པ་འགོད་རྒྱུར་སྐུལ་འདེད་གཏོང་བ། སྲིད་འཛིན་གྲོང་ཚོ་152ཀྱི“འཆར་མང་གཅིག་སྒྲིལ”གྱི་སྤྱོད་གོ་ཆོད་པའི་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་ཐོག་མར་བཟོ་འགོད་ལེགས་སྒྲུབ་བྱས་ཏེ་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས་ཡོད།

    བསམ་གྲུབ་རྩེ་ཆུས་ཀྱིས“ཞིང་པའི་ཆེད་དུ་གྲོང་གསེབ་དར་རྒྱས་གཏོང་བ་དང་ཞིང་པའི་ཆེད་དུ་གྲོང་གསེབ་འཛུགས་སྐྲུན་བྱེད་པའི”འདུ་ཤེས་ལ་བརྟེན་ནས་ཞིང་པའི་འདོད་བློར་བརྩི་འཇོག་གང་ལེགས་ཀྱིས“ཞིང་པས་བྱེད་འདོད་པ”དང“སྲིད་གཞུང་གིས་སྒྲུབ་འདོད་པ”ཟུང་འབྲེལ་བྱས་ཏེ་མང་ཚོགས་རྣམ་གྲངས་འཆར་འགོད་དང་། ཇུས་འགོད། ལག་བསྟར། ཞིབ་བཤེར་རྩིས་ལེན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་སུ་བཅུག་ཡོད། 2021ལོ་ཚུན། བསམ་གྲུབ་རྩེ་ཆུས་ཀྱིས་ལག་བསྟར་བྱས་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁྱོན་ས་གནས་དེ་གའི་མང་ཚོགས་2200ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་ཡོང་འབབ་སྒོར་ཁྲི་2630ལྷག་ཙམ་འཕར་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་བློ་ཡིད་ཚིམས་པོ་ཡོང་བ་བྱ་རྒྱུ་དེ་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་ཞིབ་བསྡུར་བྱེད་པའི་ཚད་གཞིར་བརྩིས་ཡོད།

    དེ་དང་ཆབས་ཅིག བསམ་གྲུབ་རྩེ་ཆུས་ཀྱིས་གྲོང་ཚོའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ནང་མང་ཚོགས་ཞུགས་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ནས་གསང་སྤྱོད་སྒྱུར་བཀོད་དང་། མི་ཕྱུགས་ལོགས་དབྱེ། གད་སྙིགས་གཙང་སེལ་སོགས་ཀྱི་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་ནས་དུད་ཚང་8500ལྷག་ཙམ་གྱི་གྲོང་གསེབ་ཀྱི་མི་ཕྱུགས་ལོགས་དབྱེ་དང་། དུད་ཚང་9300ལྷག་ཙམ་གྱི་གསང་སྤྱོད་སྒྱུར་བཀོད། ཆུས་རིམ་པའི་གད་སྙིགས་གཙང་སེལ་བྱ་ཡུལ་1དང་ཤང་དང་གྲོང་རྡལ་རིམ་པའི་གད་སྙིགས་བརྒྱུད་འདྲེན་ས་ཚིགས་8བསྐྲུན་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་འདྲེན་བྱེད་ཚད་95%ཡན་ཟིན་ཡོད།

    ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས“གྲོང་ཚོ་མཛེས་སྡུག་ལྡན་པ་དང་། མང་ཚོགས་འབྱོར་ཕྱུག ཐོན་ལས་དར་རྒྱས། ཚན་ཁག་སྟོབས་ཆེན”བཅས་ཀྱི་ཚད་གཞི་གཞིར་བཟུང་སྔ་རྗེས་སུ་རིམ་པ་ཁག་དང་རིགས་ཁག་གི་མ་དངུལ་སྒོར་ཁྲི་28999.7བཏང་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་10དང་རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དང་མཐོར་གཏོང་གྲོང་ཚོ་29བསྐྲུན་ནས་གྲོང་ཚོ་ཚང་མའི་བཀོད་པ་མཛེས་སྡུག་ལྡན་པར་གྱུར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།