རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡིན།
ཟླ་8ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བརྗོད་དོན་གཙོ་བོ་ཁྱབ་བསྒྲགས་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་དྲི་བར་ལན་བསྐྱོན་པ་རེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ནང་དོན་ཉན་ལྟ་བྱས་རྗེས། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག “དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བཀའ་དྲིན་ཚོར་བཞིན་འབད་འབུངས་མདུན་སྐྱོད་ཀྱིས་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
“གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གླེང་བའི་ཞིབ་ཕྲའི་གྲངས་གཞི་ལས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མངོན་པས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད” མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་གླང་དམར་གྲོང་ཚོའི་སྨན་པ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ངག་སྒྲོན་གྱིས་གླང་དམར་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པའི་བརྒྱུད་རིམ་བརྩེ་སེམས་ཟབ་མོས་ཕྱིར་དྲན་བྱས། “སྔོན་མ་ང་ཚོའི་གྲོང་ཚོར་འཕྲོད་བསྟེན་ཁང་མེད་པ་དང་ནད་པའང་ཁྱིམ་དུ་ནད་ལྟ་བར་ཡོང་དགོས་ཀྱི་ཡོད། སྨན་བཅོས་སྒྲིག་ཆས་དཀོན་པའི་ཁར་སྨན་ཡང་སྣ་ཁ་འཛོམས་པོ་མེད” ཁོང་གིས་གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཡང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཡུལ་མིས་སྒོ་འགྲམ་དུ་སྨན་བཅོས་ཞབས་ཞུ་སྣ་ཚོགས་ལོངས་སྤྱོད་ཐུབ་ཀྱི་ཡོད། ད་ཆ་ང་ཚོ་གཞི་རིམ་སྨན་བཅོས་ལས་དོན་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སེམས་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ལའང་ཚོར་སྣང་དེ་འདྲ་ཞིག་བྱུང་ཡོད། ཁོང་གིས་སྔོན་མ་མི་སེར་གྱི་ཁང་པ་ནི་ས་ཕག་གི་ཁང་པ་ཡིན་པ་དང་ལམ་ཡང་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་བདེ་པོ་མེད། ད་ཆ། ཏང་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན་སྡེ་ཁུལ་གྱི་རྣམ་པ་ལེགས་སུ་ཕྱིན་ཡོད། 2024ལོར་གྲོང་མི་མི་རེར་བགོ་འགྲེམས་སྒོར་ཁྲི་1.4བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས“དུས་རབས་གསར་པའི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ང་ཚོས་གཞི་རིམ་དུ་རྩ་བ་ཚུགས་ནས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་མང་ཚོགས་ཚོས་ཚོར་བ་བྱེད་ཀྱི་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འབབ་འཕར་གྱི‘ཕྱུག་འགྱུར་གྱི་རྩིས’དང་། སྐྱེ་ཁམས་སྲུང་སྐྱོང་གི‘ལྗང་མདོག་གི་རྩིས’ མི་རིགས་མཐུན་སྒྲིལ་གྱི‘འཆམ་མཐུན་གྱི་རྩིས’བཅས་ཡག་པོ་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ཀྱི་ཡིན”ཞེས་བཤད།
“གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཏང་འཛུགས་སྐྱོང་སྐོར་གྱི་ནང་དོན་གླེང་སོང་བས་ངར་མྱོང་ཚོར་ཟབ་མོ་བྱུང” ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བརྟན་ལྷིང་དང་བདེ་སྐྱིད་ལྡན་པའི་འཚོ་བའི་རྨང་རྡོ་བརྟན་དུ་ཕྱིན་པ་མ་ཟད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དེ་བས་ལས་སྒྲུབ་དང་བྱ་གཞག་གསར་གཏོད་བྱ་རྒྱུར་འགན་ལེན་བརྟན་པོ་དང་སྒུལ་ཤུགས་ཆེན་པོ་ཡང་བསྣན་ཡོད། “ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་གལ་ཆེན་ཐོག་བཞག་ནས་ལས་ཁུངས་ཀྱི་ལས་འགན་དང་འགན་འཁྲིར་གཞི་ཚུགས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་འགན་ལྕི་ཕྲག་ཏུ་འཁུར་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་རང་འགུལ་ངང་བྱས་རྗེས་འཇོག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁུར་དངོས་སྒྲུབ་བཅས་བྱས་ཏེ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་ཧུར་ཐག་གཏོད་ཀྱི་ཡིན”ཞེས་བཤད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་སྐོར་བརྗོད་ཡོད། གྲངས་གཞི་དེས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་དབྱངས་ཅན་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་ཁོང་གིས“གོམ་སྟབས་རྗེས་མར། ང་ཚོས་ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་དང་།‘མི་དམངས་གོང་དུ་བཀུར་རྒྱུ’སེམས་དབུས་སུ་འཇོག་པ་དང་བྱ་སྤྱོད་དངོས་ལ་འཁྱོལ་བ། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ཟངས་གྱང་ལྕགས་རྩིག་མཉམ་དུ་བསྐྲུན་པ་བཅས་བྱ་རྒྱུ་མ་ཟད། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་སྟོབས་ཆེར་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་གི་ལས་དོན་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཐབ་ནུས་གསར་པ་ཆེ་རུ་གཏོང་བ། རྒྱལ་མཚམས་ས་ཐིག་གི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།