ཉིང་པོ་ཡིས་སའི་གོ་ལ་ཧྲིལ་པོའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་མགྱོགས་མྱུར་སྐྲུན་པ།
2023ལོའི་ཟླ་བ་དགུ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས“དངོས་ཚན་དཔལ་འབྱོར་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་གཞི་རྩར་བཟུང་ཐོག་སྲོལ་རྒྱུན་ཐོན་ལས་ཁག་ལ་སྔོན་ཐོན་གྱི་ཉེར་སྤྱོད་ལག་རྩལ་གང་མགྱོགས་སྤྱོད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བསྟན་གནང་ཡོད། འདི་ལོའི་ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉིང་པོ་ཡིས་སའི་གོ་ལ་ཧྲིལ་པོའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གང་མགྱོགས་བསྐྲུན་ནས་ཐོན་ལས་ཀྱི་ནུས་རིམ་རྒྱུན་མཐུད་མཐོ་རུ་བཏང་ཡོད།
“རྣམ་གྲངས་རྐྱང་པའི་ཨང་དང་པོ”བཏོད་ནས་འགྲན་ལམ་ཞིབ་ཕྲར་དབྱེ་བ།
“མངགས་ཐོ་མང་པོ་འབྱོར་ནས་2027ལོ་བར་བང་བསྒྲིགས་ཡོད”ངོ་འཕྲད་བྱུང་མ་ཐག་ཉིང་པོ་ཀྲུང་གོ་ཚན་རིག་ཁང་ཞང་ལུང་གྲངས་ཚད་ཡང་བའི་ཚན་རྩལ་ཚད་ཡོད་ཀུང་སིའི་མཉམ་འབྲེལ་གསར་འཛུགས་མཁན་ཀྲུའུ་མེང་ཤིན་གྱིས། འདི་ལོའི་ལོ་སྟོད་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་100%འཕར་བ་དང་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་220%འཕར་བཟོ་ཡོད་ཅེས་བརྗོད།
གནམ་གྲུ་ཆེ་གྲས་ཀྱི་སྒུལ་བྱེད་འཕྲུལ་འཁོར་ལྷུ་ལག་ནས་དམངས་སྤྱོད་མཁའ་སྐྱོད་ཀྱི་སྒུལ་བྱེད་འཕྲུལ་འཁོར་ལྷུ་ལག་བར་དང་། དེ་ནས་མཁའ་སྐྱོད་ཀྱི་འགག་རྩའི་གྲུབ་ཆའི་ལྗིད་ཚད་42%ཡང་དུ་བཏང་བ་སོགས་ཀྲུང་གོ་ཚན་རིག་ཁང་ཞང་ལུང་གྲངས་ཚད་ཡང་བའི་ཚན་རྩལ་ཀུང་སིས་གསར་གཏོད་རྒྱུན་འཁྱོངས་བྱས་ནས་ཚོང་ལས་མཁའ་སྐྱོད་གྲངས་ཚད་ཡང་བའི་བཟོ་སྐྲུན་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། 2024ལོ་ཁོ་ནར་ཀྲུང་གོ་ཚན་རིག་ཁང་ཞང་ལུང་གྲངས་ཚད་ཡང་བའི་ཚན་རྩལ་ཀུང་སིས་ཚོང་ལས་མཁའ་སྐྱོད་རྣམ་གྲངས་27རྩིས་བླངས་ཤིང་ཁྲོམ་ར་བཟུང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད་པ་རེད།
གཏིང་ཤུགས་ཆེ་བའི་ཁེ་ལས་དང་། གཙོ་གནད་ཁེ་ལས། ཆེད་ཞིབ་ཁྱད་གསར་བཅས་ཁྱད་ཆོས་བཞི་ལྡན་གྱི་ཁེ་ལས་སྟོབས་ཆེན། བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཡིན་པའི་ཁེ་ལས་སོགས་ཉིང་པོ་ཡིས་སྐས་རིམ་གསོ་སྐྱོང་མ་ལག་བཙུགས་ནས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ལག་རྩལ་ནས་ཐོན་རྫས་བར་དང་དེ་ནས་ཐོན་ལས་འཁོར་འབྲེལ་བར་བཅས་ཕྱོགས་ཡོངས་ནས་རིམ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔར། ཉིང་པོར་རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་མཁན་ཁེ་ལས་104ཡོད་པ་རེད།
འདི་ལོའི་ལོ་སྟོད་དུ། ཉིང་པོ་ཡི་གསར་དར་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ནས་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་། གྲངས་འཛིན་དཔལ་འབྱོར་བཟོ་སྐྲུན་ལས་རིགས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་འཕར་ཐང་དུས་མཚུངས་ལས་13.1%དང་། 7.7% 6.5%བཅས་སོ་སོར་འཕར་ཡོད།
ཕྲེང་ཚོགས་སྤུས་ཚད་མཉམ་དུ་ལེགས་སུ་བཏང་ནས་ཐོན་ལས་ཀྱི་ནུས་རིམ་མཐོ་རུ་བཏང་བ།
ཉིང་པོ་ཡི་ཀྲོའུ་ཧྲན་གྲུ་ཁར་ཕྱིར་གཏོང་བྱེད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་མང་པོ་ཡོད། ཉིང་པོ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ། ཉིང་པོ་འགག་སྒོ་ནས་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་10.7ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་275%འཕར་ཡོད་པ་རེད།
འཕར་ཚད་མགྱོགས་པོ་ཡོང་དོན་ནི་ཉིང་པོ་ཡི་རླངས་འཁོར་ལྷུ་ལག་ཁེ་ལས་5000ཙམ་གྱིས་ལས་ཕྱོད་ཆེ་བའི་མཉམ་ལས་བྱས་ནས་ཚངས་ཕྱེད་སྤྱི་ལེ་50ཟིན་པའི་མཁོ་སྤྲོད་འཁོར་འབྲེལ་བསྐྲུན་པས་རེད། པི་ཡཱ་ཏི་ཧྭ་ཤར་ཐོན་སྐྱེད་རྟེན་གཞི་ཉིང་པོ་རུ་གཞིས་ཆགས་རྗེས། ས་གནས་དེ་གར་ལྷུ་སྒྲིག་ཐུབ་ཚད་ལོ་ཕྱེད་ནང་35%ནས་68%བར་འཕར་ནས“སྔ་དྲོར་ལྷུ་ལག་མི་འདང་ཚེ་ཕྱི་དྲོར་སྐྱེལ་ཐུབ་ཀྱི་ཡོད་པ་རེད”
གྲངས་འཛིན་དང་ལྗང་མདོག་མཉམ་འདྲེས་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་བསྐྱར་དུ་བཏོད་པ།
རིག་ནུས་ཐོན་སྐྱེད་བརྒྱུད་རིམ་ཐོག ལྗང་མདོག་ནུས་རྒྱུའི་སྒུལ་བྱེད་འཕྲུལ་ཆས་རིམ་བཞིན་སྤྱོད་འགོ་ཚུགས་རྗེས་སྐར་ཆ་30ཡི་ནང་རླུང་བསྲེག་སླ་ང་གཅིག་འགྱིག་བླུག་དང་། གནོན་བཟོ། ཚོན་བྱུག་སོགས་ལས་རིམ་མཐའ་དག་གྲུབ་ནས་ཕྱིར་ཚོང་བྱ་རྩིས་ཡོད་པ་རེད།
རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཉིང་པོས་གྲངས་འཛིན་ཅན་དང་ལྗང་མདོག་ཅན་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཁྲོད་ཕྱོགས་སྒྱུར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པས། འཁེལ་འཐག་ཁེ་ལས་ཤིག་གིས་ཐཱན་མཐོ་བ་དང་སྦགས་བཙོག་ཆེ་བའི་ལྷུ་ཚིགས་དབྱེ་འབྱེད་ཐུབ་པའི་མཉེན་གཤིས་གྲངས་འཛིན་ཅན་གྱི་འཁོར་ཁང་བསྐྲུན་པ་དང་། རྒྱུ་ཆ་གསར་པའི་ཁེ་ལས་ཤིག་གིས་ལྗང་མདོག་ཇུས་འགོད་ཐད་ཀྱི་གྲངས་འཛིན་ལག་རྩལ་སྤྱོད་རྒྱ་ཆེ་རུ་ཧུར་ཐག་བཏང་བ་སོགས། 2024ལོར། ཉིང་པོ་ཡིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འཛིན་ཅན་སྒྱུར་བཀོད་རྣམ་གྲངས་ཁག་2700ལྷག་ཙམ་ལག་ལེན་བསྟར་བས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འཛིན་ཅན་སྒྱུར་བཀོད་ཁྱོན་ཡོངས་ལ་ཁྱབ་ཡོད། རྒྱལ་ཁབ་རིམ་པའི་5Gབཟོ་གྲྭ་11དང་ཞིང་ཆེན་རིམ་པའི་འབྱུང་འགྱུར་བཟོ་གྲྭའི་ཚོད་ལྟ་བྱ་ཡུལ་6མང་དུ་ཕྱིན་ཡོད།
ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཉིང་པོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཅཱ་ཞུའེ་ཡིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཉིང་པོ་ཡིས་གསར་གཏོད་སྣེ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་དང་དངོས་ཚན་དཔལ་འབྱོར་སྟོབས་ཆེར་བཏང་ནས། སའི་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྟེན་གཞི་མགྱོགས་མྱུར་སྐྲུན་གྱི་ཡིན”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།