《དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་རིན་བསྡུའི་བྱ་སྤྱོད་སྲོལ་མཐུན་ཕྱོགས་སྟོན》ཁྱབ་བསྒྲཌ་བྱས་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་རིན་བསྡུའི་བྱ་སྤྱོད་སྲོལ་མཐུན་ཕྱོགས་སྟོན》ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱིས་ལས་སྟེགས་ནང་གཉེར་སྐྱོང་བྱེད་མཁན་ནས་བར་གླ་དང་། ཁེ་འཐེན། ཚོགས་མིའི་གྲོན་དངུལ། ལག་རྩལ་ཞབས་ཞུའི་གྲོན་དངུལ། ཆ་འཕྲིན་ཞབས་ཞུའི་གྲོན་དངུལ། ཚོང་གཉེར་ཁྱབ་སྤེལ་གྲོན་དངུལ་སོགས་བསྡུ་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ་རེད།
ཕྱོགས་སྟོན་ནང་ལས་སྟེགས་ཀྱིས་རིན་པ་བསྡུ་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ཁ་གསལ་བཟོས་ཤིང་། ལས་སྟེགས་ནང་གཉེར་སྐྱོང་བྱེད་མཁན་གྱི་ཁུར་པོ་ཡང་དུ་བཏང་བ་དང་། ལས་སྟེགས་ཀྱི་སྲོལ་མཐུན་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་སྟེགས་ཀྱི་རིན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། ཕྱོགས་སྟོན་ནང་ལས་སྟེགས་ལ་སྲོལ་མཐུན་དོ་དམ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྲོལ་མཐུན་དོ་དམ་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ། སྲོལ་མཐུན་དོ་དམ་མི་སྣ་བཀོད་སྒྲིག་བྱེད་པ། ལྟ་འདོམས་ལམ་ལུགས་དུས་ཐོག་ཏུ་སྲོལ་མཐུན་ལམ་ལུགས་ལ་སྒྱུར་བ། ལུགས་དང་མི་མཐུན་པའི་རིན་བསྡུའི་བྱེད་སྤྱོད་ཀྱི་ཉེན་ཁ་དབྱེ་འབྱེད་དང་དཔྱད་དཔོག་ལམ་སྲོལ་འཛུགས་པ། ལུགས་དང་མི་མཐུན་པའི་རིན་བསྡུའི་ཉེན་ཁ་འགོག་ཟོན་གྱི་སྲོལ་མཐུན་གྱི་སྔོན་ཚུད་ཞིབ་བཤེར་ལམ་སྲོལ་འཛུགས་ཤུགས་ཆེ་རུ་གཏོང་བ། སྲོལ་མཐུན་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་མཐུན་གྱི་རིག་གནས་གཏོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཕྱོགས་སྟོན་ནང་ལས་སྟེགས་ཀྱིས་ལས་སྟེགས་ནང་གཉེར་སྐྱོང་བྱེད་མཁན་ས་ནས་གྲོན་དངུལ་བསྐྱར་མ་བསྡུ་མི་ཆོག་པ་དང་། གྲོན་དངུལ་བསྡུ་བ་ལས་ཞབས་འདེགས་མི་ཞུ་བ་དང་ཞབས་འདེགས་ཡག་པོ་མི་ཞུ་བ་བྱེད་མི་ཆོག་པ། ལས་སྟེགས་རང་ངོས་ཀྱིས་འགན་འཁུར་དགོས་པའི་གྲོན་དངུལ་གཞན་འགེལ་བྱེད་མི་ཆོག་པ། ལས་སྟེགས་ནང་གཉེར་སྐྱོང་བྱེད་མཁན་ལ་དེའི་རྨང་གཞིའི་གཉེར་སྐྱོང་གྲངས་གཞི་མཁོ་འདོན་གྱི་གྲོན་དངུལ་བསྡུ་མི་ཆོག་པ། ལས་སྟེགས་ནང་གཉེར་སྐྱོང་བྱེད་མཁན་ལ་བཙན་ཤེད་དམ་ཡང་ན་ཐབས་སྒྱུར་བཙན་ཤེད་ངང་ཞབས་ཞུ་ཉོ་རུ་འཇུག་པའམ་ཡང་ན་ཁྱབ་གདལ་དང་བྲིན་སྐུལ་བྱེད་སྒོར་ཞུགས་སུ་འཇུག་པ་དང་གྲོན་དངུལ་བསྡུ་བ་བཅས་བྱེད་མི་ཆོག་པ། ལུགས་དང་མི་མཐུན་པའི་ཁག་ཐེག་དངུལ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐབས་སྒྱུར་གྲོན་དངུལ་བསྡུ་བའམ་ཡང་ན་གྲོན་དངུལ་བསྡུ་བའི་ཚད་གཞི་མཐོ་རུ་གཏོང་མི་ཆོག་པ། ཉོ་ཚོང་གི་ཆ་རྐྱེན་འདྲ་མཚུངས་ལྡན་པའི་ལས་སྟེགས་ནང་གཉེར་སྐྱོང་བྱེད་མཁན་ལ་རིན་གོང་མཐོང་ཆུང་བྱེད་མི་ཆོག་པ་སོགས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།