དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྲག་ཆར་རླུང་འཚུབ་རྒྱབ་ཏུ་བསྐྱུར། གྲོང་མིའི་གློག་སྤྱོད་འགན་ལེན་བྱས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པའེ་ཀོང་ཏི།   |     སྤེལ་དུས།  2025-08-07

    ཟླ་8ཚེས་3ཉིན་གྱི་ཉིན་གུང་། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཤིན་ཆའོ་གྲོང་ཚོ་གསར་པའི་གྲོང་མི་ལིའུ་ཧའེ་ཡན་གྱིས་དྲོད་སྙོམ་འཕྲུལ་ཆས་བཏང་སྟེ་ལྷོད་པོར་སྡོད་བཞིན་དུ“རྒྱ་མཚོའི་རླུང་འཚུབ་རྐྱེན་གྱིས་གློག་གནོན་སྒྱུར་ཆས་སྐྱོན་ཤོར་བས་ཚང་མའི་བསམ་པར་ཉིན་འདི་དག་གློག་མེད་པར་སྡོད་རྒྱུ་རེད་སྙམ་མོད། འོན་ཀྱང་མགྱོགས་པོ་དེ་འདྲ་བཟོ་ཐུབ་པ་བསམ་ཡུལ་ལས་འདས། ང་ཚོར་སྲུང་སྐྱོབ་བྱེད་མཁན་ཡོད་པས་ངོ་མ་བློ་བདེ་པོ་འདུག”ཅེས་བརྗོད།

    ཟླ་7ཚེས་30ཉིན། རྒྱ་མཚོའི་རླུང་འཚུབ“ཀྲུའུ་ཅེ་ཚའོ”ཞེས་པ་སྐམ་སའི་དབུས་ཁུལ་དུ་ལྡང་། ཆུ་ཚོད་21དང་སྐར་མ་18ལ་ནན་ཐུང་གྲོང་ཁྱེར་གྱི་གློག་འདོན་འཕྲལ་སྡོམ་ཉམས་བཟོའི་ལས་རེས་ཁང་དུ་ཁ་པར་ཞིག་འབྱོར་བ་སྟེ། ཤིན་ཆའོ་གྲོང་ཚོ་གསར་པའི་གྲོང་མིའི་ཐོག་ཁང་ཞིག་ལ་གློ་བུར་དུ་གློག་མེད་པར་འགྱུར་སོང་། དེ་ནས་གློག་དྲའི་གློག་མེད་ཚོར་ཤེས་མ་ལག་ལས་མྱུར་དུ་གནས་ཚུལ་ཐོན་ས་ཆན་ཧྥུའུ་10ཡི་ཟམ་བྱང་གི་སྐུད་ལམ་122ཀྱི་གློག་གནོན་སྒྱུར་ཆས་གཅིག“ལས་མཚམས་འཇོག་པའི”བརྡ་བསྟན།

    གསར་འགོད་པ་ས་གནས་ས་ཐོག་ཏུ་འབྱོར་སྐབས་ནན་ཐུང་གྲོང་ཁྱེར་ཁྲུང་ཁྲོན་ཆུས་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་གློག་བགོས་སྐྱེལ་འདྲེན་ཞིབ་བཤེར་ཚན་པ་དང་པོའི་ན་གཞོན་ཏང་ཡོན་ཧོང་ཏུང་ཏུང་དང་ཝང་མོང་ཤིས་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་ཡོ་བྱད་ལྗིད་པོ་དེ་རླངས་འཁོར་ནས་འབེབས་བཞིན་ཡོད། མྱུར་བཟོ་བྱེད་མཁན་གཞན་དག་གིས་སྦི་ཅི་ལི་ཡི་འོད་ལ་བརྟེན་ནས་ཆུ་འཁྱིལ་སར་གྲལ་བཤེར་ཞིབ་ཕྲ་བྱེད་བཞིན་ཡོད།

    དེ་ནས་ཆུ་ཚོད་21དང་སྐར་མ་35ལ་སྐྱོན་ཤོར་ས་རྩད་ཆོད་པ་སྟེ། གློག་གནོན་སྒྱུར་ཆས་ཀྱི་སྐུད་སྣེ་གཅིག་རླུང་བུས་བཅད་ཡོད་པ་རེད། འོན་ཀྱང་བདེ་འཇགས་དང་ནུས་ཆེའི་ངང་ཉམས་བཟོ་གང་འདྲ་བྱེད་དགོས་མིན་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད།

    ད་ཆ“སྒུག་ནས་བསྡད་ན་མི་འགྲིག” ཆུ་ཚོད་22དང་སྐར་མ་15ཡི་ཐོག་ཧོང་ཏུང་ཏུང་གིས་གློག་བཀག་ནས་མྱུར་བཟོ་བྱ་རྒྱུའི་ཐག་བཅད། གློག་བཀག་ནས་མྱུར་བཟོ་བྱས་ན་གློག་གནོན་སྒྱུར་ཆས་12དང་སྦྲེལ་ཡོད་པར་བརྟེན་ཉེ་འགྲམ་དུ་དུས་གཅིག་ཏུ་གློག་བཀག་དགོས་ཀྱི་ཡོད།

    བཀའ་འབྱོར་བ་དང་བསྟུན་ནས་ལས་དོན་མི་སྣས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་རེད། ཧོང་ཏུང་ཏུང་གིས་མི་ཁྲིད་ནས་བདེ་འཇགས་ཀྱི་ར་སྐོར་བསྐོངས་པ་དང་། ཝང་མོང་ཤི་ཡིས་གློག་སྤྱོད་མཁན་གྱི་དུད་ཚང་ལ་ཞིབ་བཤེར་བྱེད་པའི་འགན་འཁུར་ཡོད། རྒྱབ་ཕྱོགས་ཀྱི་ལས་རོགས་ཚོས་དུས་ཚོད་དམ་འཛིན་གྱིས་འཕྲིན་ཐུང་དང་སྡེ་ཁུལ་ཚོགས་པ་བརྒྱུད་ནས་ཐོག་བརྩེགས་ཁང་ཆེན་གཞན་25ཡི་གྲོང་མིར་གློག་བཀག་དགོས་པའི་རྒྱུ་རྐྱེན་གསལ་བཤད་བྱས་པ་རེད།

    ཆུ་ཚོད་23དང་སྐར་མ་05ཡི་ཐོག་གློག་བཀག་ནས་མྱུར་བཟོ་བྱེད་པའི་ལས་ཀ་དངོས་སུ་འགོ་ཚུགས་པ་དང་། རླུང་ཆེན་པོ་ལྡང་བའི་དབང་གིས་ཉེ་འགྲམ་གྱི་ལྗོན་ཤིང་གཡུག་གཡུག་བྱེད་ཀྱི་ཡོད་ཀྱང་མྱུར་བཟོ་བས་བྱང་ཆ་ཆེ་བའི་སྒོ་ནས་གློག་བཀག་པ་དང་། གློག་ལ་བརྟག་དཔྱད། གློག་སྐུད་སར་མཐུད། སྐྱོན་ཐོན་སའི་སྦྲེལ་སྐུད་མེད་པར་བཟོ་བ། སྦྲེལ་སྐུད་གསར་བ་བརྗེ་བ་བཅས་བྱས་ཡོད། སྐབས་དེར། ཆར་རླུང་ཆེན་པོ་རྒྱབ་པའི་དབང་གིས་ཆར་གོས་དེ་ལྷགས་པས་རབ་ཏུ་གཡོས་ནས་ལས་ཀ་བྱེད་མི་བདེ་བར་གྱུར་བས། ཧོང་ཏུང་ཏུང་གིས་ཐད་ཀར་ཕུད་ནས“ཆར་གོས་དེ་ཕུད་ན་དགའ་ས་རེད། དེ་མིན་ན་ལས་ཀ་བྱེད་དུས་སྟབས་བདེ་པོ་མིན་འདུག ཚང་མས་ཤུགས་བརྒྱབ་ཤོག ལག་པ་མགྱོགས་ཙམ་བྱེད་དགོས”ཞེས་བརྗོད།

    ཆུ་ཚོད་ཕྱེད་ཀ་མ་སོང་བར་གློག་སྒོ་ཕྱེ་བའི་སྒྲ་གསང་པོ་ཞིག་དང་བསྟུན་ཐོག་བརྩེགས་ཁང་ཆེན་ཁག་ཏུ་གློག་འོད་རིམ་གྱིས་འཕྲོས། ཧོང་ཏུང་ཏུང་གི་ལག་ཐོགས་ཁ་པར་ནང་སྡེ་ཁུལ་ཚོགས་པའི་གྲོང་མིས་བརྒྱབ་པའི་པར་འབྱོར་པ་སྟེ། མྱུར་བཟོ་རུ་མིས་དྲག་ཆར་ཁྲོད་དུ་ཡོ་བྱད་བསྡུ་གསོག་བརྒྱབ་པ་དང་། གྲོང་མིའི་ཐོག་ཁང་དུ་གློག་ཁྲ་ཆེམ་མེར་འགྱུར་བ་དག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།