ལ་ཏིང་མེ་གླིང་གི་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་གཉིས་པ་ཆི་ལི་རུ་འཚོགས་པ།
སན་ཐེ་ཡ་ཀོ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ལ་ཏིང་མེ་གླིང་གི་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་གཉིས་པ་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོ་རུ་འཚོགས་པ་རེད། ཚོགས་ཆེན་གྱིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐོང་རྒྱའི་ཁྲོད་ཀྱི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ”བརྗོད་དོན་གཙོ་བོར་བྱས་ནས། དེང་སྐབས་དུས་རབས་ཀྱི་རྒྱ་རིག་པ་དང་ཀྲུང་གོའི་ཞིབ་འཇུག་ལ་ལྡན་པའི་ཕྱོགས་གཉིས་པོའི་ཤེས་དཔལ་སྤེལ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་གྲོས་བསྡུར་བྱས་པ་རེད།
ཆི་ལི་དང་། ཨ་ཀེན་ཐིན། མོ་ཞི་ཁོ། པར་ཙིར་སོགས་རྒྱལ་ཁབ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། ཕྱོགས་ཁག་གིས་ལྷོ་ལྷོ་མཉམ་ལས་དང་འཛམ་གླིང་གསར་པའི་སྒྲིག་ལམ་དང་། ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱ་ཡིག་སློབ་ཁྲིད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རིག་གནས་དང་ཤེས་དཔལ་སྐོར་གྱི་གླེང་མོལ། ཀྲུང་གོ་དང་ཆི་ལི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བ། ཀྲུང་གོ་དང་ལ་ཏིང་མེ་གླིང་མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་གསར་གཏོད་ཉམས་མྱོང་གི་བརྗོད་དོན་ལྔར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཉིའུ་ཆིང་པའོ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་དོན། རྒྱ་རིག་པ་དེ་ལོ་རྒྱུས་སུ་རྩ་བ་ཚུགས་པ་དང་དེང་རབས་ལ་ཁ་ཕྱོགས་ཡོད། དེ་ནི་དོན་དངོས་དང་། ཕྱོགས་བསྡུས། སྣ་མང་བཅས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་པར་མེད་དུ་མི་རུང་བའི་སྐར་ཁུང་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དང་གཏན་ཚིགས་གསལ་འགྲེལ་བྱེད་པའི་ཚིག་མཛོད་ལྟ་བུ་རེད། ཀྲུང་གོ་དང་ལ་ཏིང་མེ་གླིང་གཉིས་ཀ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་གཏོགས་པས་ལོ་རྒྱུས་ཀྱི་གོ་སྐབས་འདྲ་བ་དང་རང་བཙན་རང་བདག་དང་འཕེལ་རྒྱས་དར་རྒྱས་ཀྱི་ཐུན་མོང་གི་ཕུགས་འདུན་ལས་ཕྱོགས་གཉིས་པོའི་དབར་མཐུན་སྒྲིལ་དམ་ཟབ་བྱུང་ཡོད། རྒྱ་རིག་པའི་ཁྱབ་ཁོངས་ཀྱི་ཕུལ་དུ་བྱུང་བའི་མཁས་དབང་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཛའ་གྲོགས་ཕོ་ཉས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་འབྲེལ་ཟམ་བརྟན་པོ་དང་རྒྱ་ཆེ་རུ་བཏང་སྟེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།