ཀྲུང་གོ་དང་ཨོ་མན་མཛའ་གྲོགས་མཉམ་ལས་གླེང་སྟེགས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐོར་གླེང་བ།
གྲོང་ཁྱེར་མ་སི་ཁ་ཐེ་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཨོ་མན་གྱི‘2040ལོའི་ཕུགས་འདུན’——ང་ཚོའི་བྱ་སྤྱོད་དང་གྲོས་འགོ”ཞེས་པའི་ཀྲུང་གོ་དང་ཨོ་མན་མཛའ་གྲོགས་མཉམ་ལས་གླེང་སྟེགས་ཨོ་མན་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་སའེ་ལཱ་ལའེ་རུ་འཚོགས་ཤིང་། ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ལས་རིགས་ནས་ཡོང་བའི་འཐུས་མི་གླེང་སྟེགས་ལ་ཞུགས་པ་རེད།
ཨོ་མན་གྱི་ཚོང་ལས་དང་བཟོ་ལས་དང་མ་འཇོག་སྐུལ་སྤེལ་པུའི་བློན་ཆེན་གཞོན་པ་སཱ་ལི་ཧོས། ཨོ་མན་གྱི“2040ལོའི་ཕུགས་འདུན”ནང་དཔལ་འབྱོར་སྣ་མང་ཅན་གྱི་ཕྱོགས་སྒྱུར་དམིགས་ཚད་བཏོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཨོ་མན་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཧ་ཅང་མཐུན་ཡོད། ཨོ་ཀྲུང་ལས་རིགས་ཁག་གིས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ཨོ་མན་གྱི་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།
ཨོ་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཅན་གྱིས། ཀྲུང་གོ་དང་ཨོ་མན་ནི་བློ་སེམས་གཅིག་མཐུན་གྱི་ལྷག་བསམ་རྣམ་དག་གི་རོགས་ཟླ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནང་དོན་གཏིང་ཟབ་དང་འཛམ་གླིང་གི་དོན་སྙིང་གཏིང་ཟབ་ལྡན་ཞིང་། དེ་ནི་ཨོ་མན་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་རེད། ཀྲུང་ཨོ་ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་མགྱོགས་པོ་བྱས་ནས་སྲིད་ཇུས་འབྲེལ་གཏུག་དང་། གསར་གཏོད་མཐུན་སྦྱོར། ལྗང་མདོག་དངུལ་རྩ། གྲངས་འཛིན་ཕྱོགས་སྒྱུར་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མི་ཆོས་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་ཨོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོ་དང་ཨོ་མན་མཛའ་གྲོགས་མཉམ་ལས་གླེང་སྟེགས་ཀྱི་དྲུང་ཆེ་དང་ཨོ་མན་གྱི《ལྟ་བའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཐཱ་དབྱི་ཡིས། ཨོ་ཀྲུང་མཛའ་གྲོགས་མཉམ་ལས་ལ་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གྱིས་རྒྱལ་ཁབ་ཁག་གིས་དེང་རབས་ཅན་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ལ། ཨོ་མན་གྱི་དཔལ་འབྱོར་ཕྱོགས་སྒྱུར་ལ་གོ་སྐབས་གསར་པ་ཡང་བཏོད་ཡོད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ནི་ཨོ་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཨོ་མན་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས། 《ལྟ་བའི་ཚགས་པར》བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།