དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྡོ་སྣུམ་གྱི་གྲོང་རྡལ་ཆུང་ངུ་ནས་གནམ་དཔྱད་ཀྱི་གྲོང་རྡལ་གལ་ཆེན་དུ་འགྱུར་བའི་བར།

    མཚོ་སྔོན་ལེང་ཧུའུ་ཡི་ཕྱོགས་སྒྱུར་གཏམ་རྒྱུད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཝེ་ཡན། ཁྲེན་ཅེ།   |     སྤེལ་དུས།  2025-08-07

    འདི་ནི་མི་རྣམས་ཀྱིས་མཚོ་སྔོན་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞིའི་ཚན་རིག་མཁས་ཅན་གྱི་ལས་དོན་ས་ཚིགས་སུ་ལྟ་སྐོར་བྱེད་བཞིན་པ། (2025ལོའི་ཟླ་7ཚེས་20ཉིན་མི་མེད་གནམ་གྲུས་པར་བླངས)

    འདི་ནི་མཚོ་སྔོན་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞིར་བསྐྱོད་སའི་ལ་ཁ་ཡིན་པ། (2025ལོའི་ཟླ་7ཚེས་20ཉིན་མི་མེད་གནམ་གྲུས་པར་བླངས)

    མཚོ་སྔོན་ཞིང་ཆེན་ལེང་ཧུའུ་གྲོང་རྡལ་ནི་ཚྭ་འདམ་གཤོངས་སར་གནས་ཤིང་། དེ་སྔ་རང་རྒྱལ་གྱི་སྣུམ་ཞིང་ཆེན་པོ་ཨང་བཞི་པ་དེ་བསྐྲུན་མྱོང་། དེ་གར་ཐོན་ཁུངས་ཉམས་ཟད་དུ་སོང་བའི་རྐྱེན་གྱིས་ལེང་ཧུའུ་རིམ་བཞིན་ཉམས་ཞན་དུ་ཕྱིན་ཡོད། འོན་ཀྱང་ད་ཆ་ས་གནས་དེ་གའི་གསར་གཏོད་འདུ་ཤེས་ཀྱི་སྐུལ་ཁྲིད་འོག་ཐུན་མིན་གྱི་སྐར་ཚོགས་ཐོན་ཁུངས་སྔོག་འདོན་བྱས་ནས་ཕྱོགས་སྒྱུར་ཧུར་ཐག་བྱས་ཡོད།

    གནམ་དཔྱད་ལས་རིགས་ཀྱིས་ལེང་ཧུའུ་ཡི་གནམ་དཔྱད་སྟེགས་བུའི་ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་དེ་རྒྱལ་སྤྱིའི་རྩེར་སོན་གནམ་དཔྱད་སྟེགས་བུ་དང་སྤྱིར་ན་མཚུངས་པའི་ངོས་འཛིན་བྱས་ཤིང་། 2020ལོའི་ཟླ་བདུན་པར། ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། མིག་སྔར། ལེང་ཧུའུ་འདི་ཉིད་ཨེ་ཤེ་ཡའི་འོད་སྣང་རིག་པའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་ཆེ་ཤོས་སུ་རིམ་གྱིས་གྱུར་ནས་རང་རྒྱལ་གྱི་འོད་སྣང་རིག་པའི་གནམ་དཔྱད་ཞིབ་འཇུག་ལ་སྔར་ལས་རྒྱ་ཆེ་བའི་བར་མཐོངས་ཡངས་པོ་ཞིག་བསྐྲུན་ཡོད།

    མགོ་བོ་སྒུར་ཏེ་སྣུམ་འཚོལ་བ་ནས་མགོ་བོ་བཏེགས་ཏེ་སྐར་ཚོགས་ལ་ལྟ་བའི་བར།

    ཆ་སྙོམས་ས་བབ་སྨི་4000ཙམ་ཟིན་པའི་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞིར་གནམ་དཔྱད་ཀྱི་རྒྱང་ཤེལ་རེ་རེ་ཀྱག་ཀྱོག་གི་རི་བོའི་སྟེང་ཀྲོང་ངེར་བཙུགས་ཏེ་བར་སྣང་གི་དཀྱིལ་འཁོར་ལ་ཕྱོགས་ནས་ཡོད། རྒྱལ་ཡོངས་ས་གནས་ཁག་གི་གནམ་དཔྱད་རིག་པ་བ་གཅིག་མཇུག་གཉིས་མཐུད་ངང་དེ་གར་འཛོམས་ནས་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་བཞིན་ཡོད།

    ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ཏེང་ལི་ཚའེ་ཡིས་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་བདེན་དཔང་བྱས་ཤིང་། ཁོང་གིས“ལེང་ཧུའུ་ལ་ཐོག་མའི་རྩད་ཞིབ་ཐིག་ལེན་གྱི་གྲུབ་འབྲས་ཐོབ་པ་ནས་རྒྱང་ཤེལ་མང་པོ་བཙུགས་པའི་བར་ལོ་ལྔ་ལས་འགོར་མེད། ལེ་ལག་ཚང་བའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་བསྟུན་ནས་རྒྱང་ཤེལ་ཆེན་པོ་འཛུགས་པའི་རྣམ་གྲངས་མང་པོ་ལེང་ཧུའུ་རུ་རིམ་བཞིན་ལག་ལེན་བསྟར་འགོ་ཚུགས་རྒྱུ་རེད”ཅེས་བཤད།

    དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་། ཀྲུང་གོ་གསར་པར་རྡོ་སྣུམ་ཐོན་ཁུངས་ཀྱི་དགོས་མཁོ་ཆེ་བའི་རྐྱེན་གྱིས་མཚོ་སྔོན་གྱི་ཚ་འདམ་གཤོངས་ས་དེ་ཉིད་རིགས་གཅིག་མཁས་ཅན་གྱི་མཐོང་ཆོས་སུ་གྱུར། 1958ལོར། ལེང་ཧུའུ་ཡི་སྣུམ་ཁྲོན་བཞི་ནས་སྣུམ་མང་པོ་དོན་པ་མ་ཟད། ཉིན་རེར་མ་བཅོས་རྡོ་སྣུམ་ཏུན་800ཙམ་དོན་པ་དེས་ལེང་ཧུའུ་སྣུམ་ཞིང་ལ་གསར་སྤེལ་ཆེན་པོ་བྱེད་འགོ་ཚུགས།

    དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་ནང་། ཐོན་ཁུངས་ཉམས་ཟད་དུ་སོང་བ་དང་སྦྲགས་རྡོ་སྣུམ་བཟོ་པ་ཕྱིར་འཐེན་བྱས་པས་ལེང་ཧུའུ་དབེན་འཇགས་སུ་གྱུར།

    2015ལོར། སྐབས་དེའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་པའི་ཐེན་ཚེ་རིང་ལེང་ཧུའུ་འཛུགས་སྐྲུན་བྱེད་པའི་འགན་འཁུར་དུ་བཅུག སྐབས་དེར་ལེང་ཧུའུ་ནས་ཕྱིར་སྐྱོད་མཁན་རྒྱུན་མི་ཆད་པའི་ཁར་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པས་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བར་དཀའ་ངལ་འཕྲད་ཅིང་། ཉིན་ཞིག་ཐེན་ཚེ་རིང་དང་ཁོང་གི་ལས་རོགས་ཚོ་ལེང་ཧུའུ་རུ་བརྟག་ཞིབ་བྱེད་རིང་ལམ་ནོར་ཐེབས་ནས་ས་རུབ་ལ་ཉེ་བའི་སྐབས། གནམ་ལ་སྐར་ཚོགས་ཁྲ་ཆིལ་ལེར་ཤར་བ་མཐོང་ནས་ཧང་སངས་ཤིང་། ཁོང་ཚོས་སྣུམ་རླངས་ཐོན་ཁུངས་ལ་འགྲོ་ལམ་མེད་ན་དེ་ལས་ལེང་ཧུའུ་རུ“སྐར་ཚོགས་ལ་བལྟ་ས”ཞིག་བསྐྲུན་ན་ཡག་པའི་ངོས་འཛིན་བྱུང་ཡོད།

    ཐེན་ཚེ་རིང་གི་གདན་ཞུས་ལྟར་ཏེང་ལི་ཚའེ་ལེང་ཧུའུ་ཡི་སྐར་ཚོགས་ཐོན་ཁུངས་ལ་རྟོག་ཞིབ་བྱེད་པར་ཡོང་བ་དང་། རྟོག་ཞིབ་ཚོགས་པ་ལེང་ཧུའུ་ཡི་སའེ་ཧྲི་ཐེང་རི་གཤམ་དུ་སླེབས་སྐབས། ནམ་མཁའི་མཐོངས་སུ་སྐར་ཚོགས་ཁྲ་ཆིལ་ལེར་ཤར་ནས་དགུ་ཚིགས་སྐྱ་མོ་ནམ་མཁར་གསལ་ལེར་མངོན་པ་མཐོང་བས། ཏེང་ལི་ཚའེ་ཡིས“ས་ཆ་འདི་ནི་སྐར་ཚོགས་བལྟ་ས་ཡག་ཤོས་ཤིག་རེད”ཅེས་དགའ་སྤྲོའི་ངང་ནམ་མཁའི་མཐོངས་ཀྱི་དགུ་ཚིགས་ལ་པར་ལེན་བཞིན་དུ་བཤད།

    གནམ་དཔྱད་སྟེགས་བུ་གལ་ཆེན་གྱི་དཔྱད་གྲངས་ཚད་འཇལ་སྟེགས་བུ་ཚང་མ་བསྐྲུན་ནས་འཁོར་སྐྱོད་ངེས་ཅན་བྱས་པའི་རྗེས། ཏེང་ལི་ཚའེ་ཡིས་ས་ཁོངས་དེ་གའི་དགོང་མོའི་ནམ་མཁའ་དྭངས་ཚད་70%བཟུང་བ་དང་ལོ་ལྟར་ལྟ་ཞིབ་ཚད་ལེན་ཆོག་པའི་དུས་ཚོད་ཉིན་300ཟིན་པ་བསམ་ཡུལ་ལས་འདས་པ་ཤེས།

    2018ལོར་སའེ་ཧྲི་ཐེང་རི་རྩེར་སྐྱོད་སའི་རྡོ་གསེག་ལམ་བསྐྲུན་འགོ་ཚུགས་པ་དང་། ས་གནས་དེ་གའི་སྲིད་གཞུང་གིས་ཐད་འཕུར་གནམ་གྲུ་བཏང་ནས་ཨར་སྐྲུན་རྒྱུ་ཆ་དང་སྟེགས་བུའི་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་དབོར་བ་རེད། སྐབས་དེར་ལས་འགན་སྒྲུབ་པར་ཞུགས་མྱོང་བའི་ཐད་འཕུར་གནམ་གྲུ་གཏོང་མཁན་ཚུའེ་ཧྥུང་གིས“དུས་ཚོད་དམ་འཛིན་བྱ་ཆེད། ཉིན་གཅིག་ལ་མང་ཤོས་སུ་ཐེངས་80དབོར་བ་དང་། གནམ་གྲུ་ཆུ་ཚོད་9འཕུར་དགོས་ཀྱི་ཡོད”ཅེས་བཤད།

    ཐང་རྒོད་དུ་གནམ་དཔྱད་ཀྱི་མཐོ་ས་བསྐྲུན་པ།

    འོད་སྣང་རིག་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ནི་གནམ་དཔྱད་རིག་པ་ཞིབ་འཇུག་གི་རྨང་གཞི་ཡིན། ལེང་ཧུའུ་གནམ་དཔྱད་སྟེགས་བུ་རྙེད་པའི་རྗེས། མཐོ་སློབ་དང་གནམ་དཔྱད་ལས་ཁུངས་ཁག་གཅིག་གིས་དེ་གར་རྒྱང་ཤེལ་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་བཙུགས་ནས་རང་རྒྱལ་གྱི་འོད་སྣང་རིག་པའི་གནམ་དཔྱད་འཕེལ་རྒྱས་འགྲོ་བར་སྐུལ་མ་ནུས་ལྡན་བཏང་ཡོད།

    2022ལོ་ནས་བཟུང་མཚོ་སྔོན་གྱིས་ལེང་ཧུའུ་འཛམ་གླིང་རིམ་པའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་བསྐྲུན་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་ཆེན་པོ་བཅུ་བསྐྲུན་པའི་ནང་བཅུག་ནས་ལོ་ལྟར་ཞིང་ཆེན་རིམ་པའི་ནོར་སྲིད་ནས་ཚན་རྩལ་མ་དངུལ་སྒོར་ཁྲི་1000བཏོན་ཏེ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    མཁའ་དབྱིངས་ནས་སའེ་ཧྲི་ཐེང་རི་བོར་བལྟས་ཚེ། ཀྱག་ཀྱོག་གི་ལ་ཁའི་གཞུང་ལམ་དུ་དར་གོས་རིང་པོ་ཞིག་བསྲིངས་པ་དང་འདྲ་བར་སྟེགས་བུ་སོ་སོའི་རྒྱང་ཤེལ་རྣམས་སྦྲེལ་ཡོད། ས་བབ་སྨི་4200ཟིན་པའི་སའེ་ཧྲི་ཐེང་རི་བོའི་Cསྟེགས་བུར་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་གི་ཙི་ཅིན་ཧྲན་རི་བོའི་གནམ་དཔྱད་ལས་ཁུངས་ཀྱིས་མཉམ་དུ་བསྐྲུན་པའི་མོ་ཙི་བར་སྣང་སྐོར་གཡེང་རྒྱང་ཤེལ་ཀྲོང་ངེར་གནས་ཡོད། མོ་ཙི་བར་སྣང་སྐོར་གཡེང་རྒྱང་ཤེལ་གྱི་སྤྱི་ཁྱབ་ཇུས་འགོད་པ་ཁུང་ཞུས་ཀྱིས་མིག་སྔར་སའི་གོ་ལའི་ཕྱེད་བྱང་མའི་འོད་སྣང་རིག་པའི་དུས་ཁོངས་ཀྱི་མཁའ་དབྱིངས་སྐོར་ཞིབ་ནུས་པ་ཆེ་ཤོས་ལྡན་པའི་སྒྲིག་ཆས“མོ་ཙི”རྒྱང་ཤེལ་ལ་ལྟེ་བའི་འགག་རྩའི་ལག་རྩལ་ཁག་གཅིག་འདུས་ཡོད་པས། དགོང་མོ་གསུམ་རེར་གནམ་གོ་ལ་བྱང་མ་ཧྲིལ་པོར་སྐོར་ཞིབ་ཐེངས་རེ་བྱེད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    འདི་ལོའི་ཟླ་བདུན་པར། འཕེལ་རྒྱས་འགྲོ་བཞིན་པའི་ཀུན་སྤྱོད་འོད་སྣང་རིག་པའི་རྒྱང་ཤེལ(EAST)རམ་འདེགས་ལྟ་ཞིབ་ཚད་ལེན་མ་ལག་ལེང་ཧུའུ་རུ་བསྐྲུན་འགོ་ཚུགས་པ་རེད། པེ་ཅིང་སློབ་ཆེན་དངོས་ཁམས་སློབ་གླིང་གནམ་དཔྱད་རིག་པ་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝུའུ་ཞུའེ་པིན་གྱིས། ལྟ་ཞིབ་ཚད་ལེན་མ་ལག་དེས་འབྱུང་འགྱུར་རང་རྒྱལ་གྱི་ས་ངོས་སུ་བཙུགས་པའི་འོད་སྣང་རིག་པའི་ཁ་ཞེང་ཤིན་ཏུ་ཆེ་བའི་རྒྱང་ཤེལ་ཚན་རིག་དང་མཐུན་པའི་ངང་འཛུགས་པ་དང་འཛུགས་སྐྲུན་བྱ་རྒྱུར་བློས་འགེལ་ཆོག་པའི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    ལེང་ཧུའུ་ཚན་རྩལ་གསར་གཏོད་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་ཐོན་ལས་དཔལ་འབྱོར་མཐུན་སྦྱོར་པུའི་འགན་འཁུར་བ་ཚའོ་ཁྲུན་ལིན་གྱིས། མིག་སྔར་ལེང་ཧུའུ་ཡིས་ཚན་པ་12ནས་རྒྱང་ཤེལ་45ནང་འདྲེན་བྱས་པ་དང་ཚན་རིག་སྒྲིག་ཆས་ལ་མ་དངུལ་སྒོར་དུང་ཕྱུར་30བཏང་ཡོད། ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞི་དེ་སའི་གོ་ལའི་ཕྱེད་ཤར་མའི་ལྟེ་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་གྱུར་ནས། རྒྱལ་སྤྱིའི་གནམ་དཔྱད་རིག་པའི་མདུན་གྲལ་ཁྱབ་ཁོངས་སུ“ཀྲུང་གོའི་ལྟ་ཞིབ་ཚད་ལེན”ཞེས་པའི་སྙན་གྲགས་མང་པོ་ཁྱབ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    སྐར་ཚོགས་ལ་སྲུང་སྐྱོང་ནན་པོ་བྱས་པ།

    “སྐར་ཚོགས་ནི་གནམ་རིག་ལྟ་ཞིབ་ཚད་ལེན་གྱི་རྟེན་གཞི་གནས་ཐུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན”ཞེས་ཏེང་ལི་ཚའེ་ཡིས་བཤད་པ་དང་། ཁོང་གིས། གལ་ཏེ་སྐར་ཚོགས་མེད་ན་ས་ངོས་ཀྱི་འོད་སྣང་རིག་པའི་ལྟ་ཞིབ་ཚད་ལེན་མུ་མཐུད་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་བཤད།

    གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་དང་ཡུལ་སྐོར་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་ལས་ལེང་ཧུའུ་ཡི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ལམ་བུ་སྟོན་ཡོད་མོད། འོན་ཀྱང་དཀའ་གནད་གསར་པའང་མང་པོ་ཞིག་འཕྲད་འོང་བ་སྟེ། གལ་ཏེ་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱས་ཚེ་གློག་འོད་ཀྱིས་སྐར་ཚོགས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    དཔེ་མཚོན་མང་པོ་ཞིག་ལས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་ཆབས་ཅིག་ཐོག་མའི་ཆ་རྐྱེན་ལེགས་ཙམ་ཡོད་པའི་གནམ་དཔྱད་ཁང་ལ་འོད་ཀྱི་གནོད་འཚེ་ཕོག་ནས་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་མུ་མཐུད་བྱེད་ཐབས་བྲལ་བ་མངོན་ཡོད།

    2023ལོར《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་དང་། དེ་ནི་རང་རྒྱལ་གྱི་སྐར་ཚོགས་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་རེད། སྲོལ་ཡིག་ནང་། ལེང་ཧུའུ་ཡི་སྐར་ཚོགས་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་འོད་ཁུངས་རིགས་དང་། གསལ་ཚད། དེ་བཞིན་ཕྱི་རོལ་གྱི་མཚན་མོའི་གཏན་འཇགས་ཀྱི་གློག་སྒྲོན་སྒྲིག་ཆས་ཀྱི་འོད་འཕྲོ་ཡུལ་སོགས་ལ་དབྱེ་འབྱེད་དོ་དམ་ནན་པོ་བྱས་ཡོད།

    “གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད། ལེང་ཧུའུ་ཡིས་ས་ཁོངས་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་1.78ཙམ་སྐར་ཚོགས་སྲུང་སྐྱོང་ཁུལ་དུ་བཅུག་ཡོད”ཅེས་ཚའོ་ཁྲུན་ལིན་གྱིས་བཤད་པ་དང་། ཁོང་གིས་ས་གནས་དེ་གས་ད་དུང་གསར་དུ་ལས་འགོ་བརྩམས་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་གསུམ་ལ་བསྐྱར་དུ་གནས་ཡུལ་བདམས་ནས་ལྟ་ཞིབ་ཚད་ལེན་རྟེན་གཞིའི་ལྟེ་བའི་ཁུལ་དང་བར་ཆོད་ཁུལ་དུ་འཆར་འགོད་བྱེད་རྩིས་ཡོད་པའི་རྣམ་གྲངས་ཀྱི་ཞིབ་མཆན་དང་སྙན་སེང་ཞུ་བའི་བརྒྱུད་རིམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་བ་དང་སྐར་ཚོགས་སྲུང་སྐྱོང་ས་ཁོངས་ཀྱི་རྣམ་གྲངས་ཆོག་འཐུས་འགག་སྒོར་དམ་འཛིན་ནན་པོ་བྱས་ཡོད་ཅེས་བཤད།

    “སྲོལ་ཡིག་ཁྱབ་བསྒྲགས་ལག་ལེན་བསྟར་བ་དེས་འབྱུང་རྩ་ནས་འོད་ཀྱི་སྦགས་བཙོག་ཉུང་དུ་གཏོང་རྒྱུར་ཕན་པ་ཡོད”ཅེས་ཚའོ་ཁྲུན་ལིན་གྱིས་བཤད་པ་དང་། ཁོང་གིས་སྐར་ཚོགས་ལ་སྲུང་སྐྱོང་ནན་པོ་བྱས་ཚེ་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱ་གཞག་འཕེལ་རྒྱས་འགྲོ་བར་འགན་སྲུང་ཐུབ་རྒྱུ་མ་ཟད། ས་གནས་ཀྱིས་འཕེལ་རྒྱས་དང་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པར་ཡང་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད།

    ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་འོད་ཀྱི་སྦགས་བཙོག་གི་མི་མངོན་པའི་རྐྱེན་ངན་ལ་དམིགས་ནས། ས་གནས་དེ་གའི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་ནུས་སྡེ་ཚན་ལ་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས་འབྲེལ་ཡོད་ཁེ་ལས་དང་ཚོང་དུད་དབར《ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་གི་འོད་ཁུངས་སྦགས་བཙོག་གི་ཁས་ལེན་ཡི་གེར》མིང་རྟགས་བཀོད་དེ་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་ལ་ཤུགས་རྐྱེན་མི་ཕོག་པའི་འགན་ལེན་བྱས་ཡོད།

    ཏེང་ལི་ཚའེ་སོགས་གནམ་དཔྱད་རིག་པ་བ་ཡིས་རྒྱང་ཤེལ་འཛུགས་པའི་རྣམ་གྲངས་སྔར་བས་མང་བ་དོན་འཁྱོལ་བྱས་པ་དང་ཆབས་ཅིག ཕྱིས་འབྱུང་ལེང་ཧུའུ་རྟེན་གཞི་དེ་ཉིད་འཛམ་གླིང་གི་གནམ་དཔྱད་ཁང་གྲགས་ཅན་དུ་བསྒྱུར་ཏེ་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་བ་དང་གསར་རྩོམ་རང་བཞིན་གྱི་ཚན་རིག་གྲུབ་འབྲས་སྐྱེད་སྲིང་བྱེད་པའི་འགོ་རྩོམ་ས་གལ་ཆེན་ཞིག་ཏུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།