དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-07

    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ནས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད་པ་རེད།

    ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད།

    བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པ།

    “ལོ་ངོ་60ཡི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུང་ཕྱུར་ཆིག་སྟོང་ཐེངས་དང་པོ་ཟིན་པར་དུས་ཡུན་ལོ་50སྤྱད་པ་དང་། དུང་ཕྱུར་ཆིག་སྟོང་ཐེངས་གཉིས་པ་ཟིན་པར་དུས་ཡུན་ལོ་6ལས་སྤྱད་མེད”ཅེས་ཝང་ཅུན་ཀྲེང་གིས་ངོ་སྤྲོད་གནང་བ་དང་། ཁོང་གིས། 2024ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2765ཟིན་པ་དེ་གཏན་ཆགས་རིན་གོང་ལྟར་བརྩིས་ན་1965ལོའི་ལྡབ་155ཡིན་པ་དང་། ལོ་རེར་ཆ་སྙོམས་8.9%འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    2021ལོ་ཚུན། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཏེ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་དེང་རབས་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པ་དང་། དེང་རབས་ཐོན་ལས་མ་ལག་རགས་ཙམ་བསྐྲུན་པས། བོད་ཀྱི་རང་བརྟེན་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    རིམ་རྩིས་བརྒྱབ་ན་འཆར་འགོད་མ་འཇོག་སྒོར་དུང་ཕྱུར་4000ལྷག་ཙམ་དོན་འཁྱོལ་བྱས་པས། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་པ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་པ་སོགས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཙོ་གནད་དཔལ་འབྱོར་རྣམ་གྲངས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ནུས་ཇེ་ཆེར་ཕྱིན་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་ཐུབ་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས། “བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྔོན་ཆད་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་པ་དང་། འཕེལ་རྒྱས་འགྲོ་བའི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པས། ད་ལོ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལྷག་ཙམ་ཟིན་ནས་དུང་ཕྱུར་སྟོང་གི་དམིགས་ཚད་ཐེངས་གསུམ་པ་མངོན་འགྱུར་ཐུབ་རེ་ཡོད”ཅེས་གསུངས་པ་རེད།

    མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ།

    2024ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དང་། ཞིང་འབྲོག་མང་ཚོགས་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་ཡོད་ཅིང་། ཝང་ཅུན་ཀྲེང་གིས་དེང་སྐབས་བོད་དུ་མི་རིགས་ཁག་གི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱུང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་ཀྱི་རྣམ་གྲངས་རིགས་ཁྱོན་28བཀོད་སྒྲིག་བྱས་ཏེ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་246.5གཏོང་རྒྱུ་འཆར་འགོད་བྱས་ཤིང་། མིག་སྔའི་བར་མ་འཇོག་སྒོར་དུང་ཕྱུར་236.78དོན་འཁྱོལ་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ཀྱི་བྱ་བ་དངོས་དང་བྱ་བ་བཟང་པོ་སེམས་ནུས་ཡོད་རྒུས་བསྒྲུབས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    2024ལོར། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཚུངས་ལས་12.5%ཡན་འཕར་བ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ། སློབ་གྲྭ་འབྲིང་ཆུང་ཁག་གཅིག་གསར་དུ་བསྐྲུན་པས་ཕྲུ་གུ་ཚོ“སློབ་གྲྭ་ཡག་པོ་འགྲིམ་ཐུབ་པའི”འགན་ལེན་བྱས་པ། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད་པ་རེད།

    བོད་ཀྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་ཐུབ་པ།

    བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་ཐུབ།

    ཝང་ཅུན་ཀྲེང་གིས་ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བས་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%བར་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་བཀོད་སྒྲིག་བྱས་པས། མི་དམངས་མང་ཚོགས་རྣམས་སྐྱེ་ཁམས་འཛུགས་སྐྱོང་ལ་བརྟེན་ནས་འབབ་འཕར་བྱུང་བ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    དེ་དང་ཆབས་ཅིག བོད་ཀྱིས་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་ཡོད། 2024ལོར། བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་བའི་བསྡུར་ཚད་99%ཡན་ཟིན་ནས། ནུས་རྒྱུ་གཙང་མའི་གློག་ཤུགས་གཞི་རྩའི་ཆ་ནས་མཁོ་འདོན་ཐུབ་སྟེ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ས་ཁུལ་ལ་གྱུར་ཡོད་པ་རེད།

    ད་ཆ། བོད་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཡན་ཟིན་ཞིང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུ་སྤུས་100%ཟིན་པའམ་ཡང་ན་ཆུ་གཟུགས་རིགས་Ⅲལས་ལེགས་པ་ཡོད་པ་དང་། འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བ།

    གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ལ་འཛུགས་གཏོད་བྱས་པ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་སྤེལ་བ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་སོགས། དེང་གི་བོད་དུ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

    “ལོ་ངོ་60ཡི་རིང་། བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེན་བར་འཕེལ་རྒྱས་ཕྱིན་ནས། ཏང་འཛུགས་སྐྱོང་ཚན་རིག་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཏང་གི་སྲིད་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”ཅེས་ཝང་ཅུན་ཀྲེང་གིས་ངོ་སྤྲོད་གནང་ཞིང་། ཁོང་གིས་2024ལོར་ལྗོངས་ཡོངས་ཀྱི་ཏང་ཡོན་མི་གྲངས་དེ་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་སྐབས་ཀྱི་མི་ཁྲི་1.48ནས་ཁྲི་47.04བར་མང་དུ་ཕྱིན་ཡོད། 2011ལོ་ཚུན་ཁག་ཐེངས་14ཡི་ལས་བྱེད་པ་ཁྲི་29.7ལྷག་ཙམ་གྲོང་སྡོད་དུ་བཏང་ནས། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཏེ། ཏང་དང་མང་ཚོགས་དབར“སེམས་འབྲེལ་ཟམ་པ”བཙུགས་ཡོད་ཅེས་གསུངས་པ་རེད།

    2024ལོའི་ལོ་མཇུག་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་171དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་སྔ་རྗེས་སུ་བཟོས་ནས་ལག་ལེན་བསྟར་བ་དང་། བོད་ཀྱིས་ལྷོ་ཁ་སོགས་གྲོང་ཁྱེར་3དུ་མི་རིགས་ཤང་ཁྱོན་9བཙུགས་པ་སོགས། ལོ་ངོ་60ཡི་རིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་འགྲོ་བར་ཁྲིད་སྟོན་བྱས་ཡོད་པ་རེད།

    ཀརྨ་ཚེ་བརྟན་གྱིས། གྲངས་ཉུང་མི་རིགས་རང་ཁྱིམ་རང་བདག་གི་དབང་ཆ་ཁྲིམས་བཞིན་འགན་སྲུང་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་ལེན་བསྟར་ལུགས་ངོ་སྤྲོད་གནང་བ་དང་འབྲེལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལས་མི་རིགས་ཁག་ལ་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ནང་འདྲ་མཉམ་ཞུགས་པ་དང་ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་ལ་རང་བརྟེན་དོ་དམ་བྱེད་པའི་དབང་ཆ་ལོངས་སྤྱོད་གང་ལེགས་ཐུབ་སྟེ། “ཡར་ལངས་ཀྱི་བདག་པོ”ནས“རང་ཁྱིམ་རང་བདག”བར་གྱི་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་ཅེས་གསུངས་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་5ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།