རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དྲིས་ལན་གནད་བསྡུས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་2025ལོའི་ཟླ་8ཚེས་5ཉིན(གཟའ་མིག་དམར)གྱི་སྔ་དྲོའི་ཆུ་ཚོད་10པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་བ་མ་ཟད། གསར་འགོད་པས་བཏོན་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། ད་ཐེངས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དྲི་བ་དྲིས་ལན་གྱི་ནང་དོན་གནད་བསྡུས་གཤམ་གསལ།
ཉིན་རེའི་དཔལ་འབྱོར་གསར་འགྱུར་གྱི་གསར་འགོད་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཚུན་དང་ལྷག་པར་དུ་ཉེ་བའི་ལོ་ལྔའི་རིང་། བོད་ཀྱིས་དམངས་འཚོའི་འདུ་འགོད་དང་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམངས་འཚོའི་རྣམ་གྲངས་དེ་དག་ཁྲོད་ནས་ཕན་པ་གང་དག་ཐོབ་མིན་ངོ་སྤྲོད་གནང་རོགས།
ཀརྨ་ཚེ་བརྟན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆུ་དང་། གློག ལམ། དྲ་བ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར། སྦྲ་གུར་ནས་ཐོག་རྩེག་ཁང་པ་བར་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷག་པར་དུ“ལོ་ལྔ་ཚན་བཅུ་བཞི་པའི”ཚུན། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”མུ་མཐུད་ལག་བསྟར། བློ་གཅིག་སེམས་གཅིག་གིས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་པར་བརྟེན། བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྱོན་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་28བཀོད་སྒྲིག་བྱས་ནས་མ་དངུལ་སྒོར་དུང་ཕྱུར་246.5གཏོང་རྒྱུའི་འཆར་གཞི་བཀོད་ཡོད། མིག་སྔའི་བར། མ་དངུལ་སྒོར་དུང་ཕྱུར་236.78བཏང་ནས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་གི་དོན་དངོས་དང་བྱ་བཟང་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།
འཕྲོད་བསྟེན་ཁྱབ་ཁོངས་ཐད། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བསྡོམས་འབོར་7231དང་། ནད་ཁྲིའི་བསྡོམས་འབོར་21488 འཕྲོད་བསྟེན་ལག་རྩལ་མི་སྣའི་བསྡོམས་འབོར་50766བཅས་སོ་སོར་ཟིན་ནས་གཞི་རིམ་གྱི་སྨན་བཅོས་དང་། སྔོན་འགོག བདེ་སྲུང་སོགས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ཅེས་བརྗོད་ཆོག ཉེ་ཆར། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་ནས་སྨན་བཅོས་བྱེད་འགོ་ཚུཌ་པས། བོད་ཀྱིས“ནད་ཆེན་བོད་ནས་བཅོས་པའི”དམིགས་ཚད་ཕྱོགས་སུ་སླར་ཡང་གོམ་པ་ཆེན་པོ་ཞིག་སྤོས་ཡོད།
སློབ་གསོའི་ཁྱབ་ཁོངས་ཐད། ང་ཚོས་སློབ་ཆུང་29དང་། དམའ་འབྲིང་15 མཐོ་འབྲིང་དཀྱུས་མ་5བཅས་གསར་དུ་བསྐྲུན་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་6བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གླིང་སོགས་རྣམ་གྲངས་གལ་ཆེན་སྐྲུན་འགོ་བཙུགས་ཏེ། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་རྒྱུན་མཐུད་བཏང་ནས་ཕྲུ་གུ་ཚོ“སློབ་གྲྭ་ཡག་པོར་སྐྱོད་ཐུབ་པའི”འགན་ལེན་བྱས་ཡོད།
རིག་རྩལ་ཁྱབ་ཁོངས་ཐད། རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་དང་རིག་ལྡན་རླུང་འཕྲིན་བརྙན་འཕྲིན་འདུ་འགོད་སོགས་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་བསྐྲུན་ནས་སྤྱད་པར་བརྟེན། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། དམངས་ཡོངས་ལུས་སྦྱོང་གི་རྣམ་པ་ཟབ་མོའང་བཏོད་ཡོད།
སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཐད། ང་ཚོས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80བསྐྲུན་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་5825ལ་གཅིག་སྡུད་བསྙེན་བཀུར་བྱས་ཡོད། བྱིས་པའི་ཕན་བདེའི་སྒྲིག་གཞི་11བསྐྲུན་ནས་དྭ་ཕྲུག་3236གཅིག་སྡུད་གསོ་ཉར་བྱས་ཡོད། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཡོངས་ཀྱི་ས་ཆ་གཞན་དུ་སྨན་བཅོས་བྱས་ན་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་པ་དང་2024ལོར་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཚུངས་ལས་12.5%ཡན་འཕར་ཡོད།
གོང་གསལ་གྱི་དམངས་འཚོའི་རྣམ་གྲངས་ཕུད། ད་དུང་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་དང་གསོ་རླུང་གཅིག་སྡུད་མཁོ་འདོན་བྱས་པ་དང་། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་དང་། གློག་མཁོ་འདོན་བྱེད་ཚད་བརྟན་དུ་ཕྱིན་པ། འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ་སོགས་དམངས་འཚོའི་བྱ་བ་དངོས་རབ་དང་རིམ་པ་དོན་འཁྱོལ་ཐུབ་སྟེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ“འཐུང་ཆུ་དཀོན་པ་དང་། གློག་མེད་པ། འགྲོ་ལམ་མི་བདེ་བ། འཕྲིན་གཏོང་དཀའ་བ”བཅས་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་སྐྱིད་སྣང་དོད་ལ་སྟབས་བདེ་ཆེ་བའི་དེང་རབས་ཅན་གྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། ད་ཆ་བོད་ལྗོངས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་འཚོ་བ་གསར་པ་ལོངས་སུ་སྤྱོད་བཞིན་ཡོད།
ཅི་མུའུ་གསར་འགྱུར་གྱི་གསར་འགོད་པ། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་བཏང་བ་ང་ཚོར་དོ་སྣང་བྱུང་། བརྒྱུད་རིམ་དེའི་ཁྲོད་བོད་ཀྱིས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་པའི་ཐད་བྱ་ཐབས་དང་བཀོད་སྒྲིག་གང་བྱས་ཡོད་དམ།
ཀརྨ་ཚེ་བརྟན། ལོ་རྒྱུས་ཡུན་རིང་ལྡན་ལ་རིག་གནས་འོད་སྟོང་འབར་བ་དང་། རང་བྱུང་ཡུལ་ལྗོངས་ཁྱད་དུ་འཕགས་པ། མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་གི་གནས་གལ་ཆེན་ཞིག་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཡིན་པས། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ང་ཚོས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་དང་། སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་གཏོང་། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་འདོན་པ། རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བསྟུད་མར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། 2024ལོར་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་འབབ་རིན་ཐང་23.8%འཕར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6389ལ་སྣེ་ལེན་ཞུས་ནས་15.8%འཕར་བའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་188.2%འཕར་ཡོད། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3218.48ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་11.7%འཕར་ཡོད།
འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་པའི་ཐད་ང་ཚོས་ལས་ཀའི་ཉམས་མྱོང་ལ་ཟམ་མི་ཆད་པར་ཕྱོགས་སྡོམ་དང་། སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཆེར་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཡུལ་སྐོར་དེ་ལྟ་སྐོར་ཡུལ་སྐོར་ནས་རིག་གནས་ཡུལ་སྐོར་དང་། མཛེས་ལྗོངས་ཡུལ་སྐོར་ནས་གཏིང་ཟབ་པའི་སྤྲོ་གསེང་ཉམས་ལེན་ཡུལ་སྐོར། “སྒོ་འཛིན་དཔལ་འབྱོར”ནས་ཐོན་ལས་དཔལ་འབྱོར་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་འཚོལ་ཞིབ་བྱས་ཡོད།
རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་བོད་དུ་ཡོང་ནས་བོད་ཀྱི་མཛེས་ལྗོངས་ལ་དངོས་སུ་མྱོང་ལེན་དང་བོད་ཀྱི་རིག་གནས་དངོས་སུ་ཉམས་ལེན་བྱས་ཏེ། ང་ཚོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དཔང་པོ་བྱེད་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་གི་ཡིན།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡང་རེད། བོད་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱུགས་ལན་གང་འདྲ་ཞིག་ཕུལ་ཡོད་དམ། ལྷག་པར་དུ་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་འགན་ལེན་བྱེད་པ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་རང་བཞིན་མངོན་འགྱུར་ཇི་ལྟར་བྱེད་རྩིས་ཡོད་དམ།
ཝང་ཅུན་ཀྲེང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་སྟོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་དུས་སྐབས་ཤིག་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་རེད། ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཆོས་ཉིད་ལ་ཕྱོགས་སྡོམ་ནན་ཏན་དང་། རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་མངོན་འགྱུར་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་ཟབ་ཏུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། ཚན་རིག་དང་མཐུན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དེ་བས་སྤུས་ཚད་ལྡན་པ་དང་དེ་བས་མཉེན་ཤུགས་ལྡན་པར་བྱ་རྒྱུ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་མཐུད་འབད་འཐབ་འོག་ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཡག་པོ་བསྡུ་ཐུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
རི་པིན་ཐུན་མོང་གསར་འགྱུར་ཁང་གི་གསར་འགོད་པ། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དྲན་གསོའི་བྱེད་སྒོ་གཉེར་རྒྱུའི་འཆར་གཞི་ཡོད་དམ། གལ་ཏེ་བྱེད་སྒོ་གཉེར་ན་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཞུགས་ན་འགྲིག་གམ།
ཀརྨ་ཚེ་བརྟན། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ཁ་ཕྱོགས་སྒྱུར་མཚམས་རླབས་པོ་ཆེ་ཞིག་ཡིན་པས། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། སྐབས་དེ་དུས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་དུ་མངགས་ནས། རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་། འགྲེམས་སྟོན་ལ་གཟིགས་སྐོར། རིག་རྩལ་འཁྲབ་སྟོན། འཚམས་འདྲི་གནང་བ། ཡན་ལག་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་རྟེན་འབྲེལ་དང་འཚམས་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། མིག་སྔར། གྲ་སྒྲིག་གི་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད།
གཞན་ཡང་། དེ་གར་ངས་བརྗོད་དགོས་པ་ཞིག་ལ་ད་ལོ་ཚུན་དུ་ང་ཚོ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་25ནས་ཡོང་བའི་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་ཁག་ཐེངས་10བོད་དུ་ལྟ་སྐོར་དང་བཅར་འདྲི་བྱེད་པར་གདན་ཞུ་བྱས་ཡོད།
ཨའོ་མོན་ཟླ་རེའི་དུས་དེབ་ཀྱི་གསར་འགོད་པ། གནས་ཚུལ་སྤེལ་བར་གཞིགས་ན། བོད་དུ་བོད་སྐད་ཡིག་མཐོ་རྒྱུགས་ཀྱི་རིག་ཚན་ནས་བཏོན་པ་དང་སློབ་གྲྭས་ཀྱང་བོད་སྐད་ཡིག་སློབ་ཚན་གཙོ་བོར་བརྩི་ཡི་མེད་པའི་སྐོར་བརྗོད་འདུག ཞིབ་ཕྲའི་གནས་ཚུལ་གང་འདྲ་ཡིན་མིན་ངོ་སྤྲོད་གནང་རོགས།
ཀརྨ་ཚེ་བརྟན། ཀྲུང་གོ་སྲིད་གཞུང་གི་སློབ་གསོའི་སྡེ་ཚན་གྱིས་2014ལོ་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་ལ་ཕྱོགས་ཏེ་མཐོ་རྒྱུགས་ལ་ཕྱོགས་བསྡུས་སྒྱུར་བཅོས་བྱས་ཡོད། ད་བར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)29ཡིས་ཕྱོགས་བསྡུས་སྒྱུར་བཅོས་དེ་ལག་བསྟར་བྱས་ཡོད། བོད་ཀྱིས་2024ལོར་གཞི་ནས་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་བྱེད་འགོ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་སྐར་གྲངས་དང་སློབ་རིམ་འཕར་བ་ཁོ་ན་གཙིགས་ཆེར་འཛིན་པའི་སྤྱི་ཚོགས་ཀྱི་ནོར་འཁྲུལ་ལྟ་བ་ཡོ་བསྲང་བྱས་ཏེ་སློབ་མ་འཇོན་ཐང་ཅན་ལ་འགྱུར་བ་དང་སྤྱི་ཚོགས་དྲང་གཞག་དངོས་འབྲེལ་ཡོང་བ་བྱ་རྒྱུ་དེ་ཡིན།
མཐོ་སློབ་དཀྱུས་མའི་བོད་སྐད་ཡིག་གི་སློབ་ཁྲིད་ཆེད་ལས་གཙོ་བོ་ནི་བོད་སྐད་ཡིག་གི་རྩོམ་རིག་དང་བོད་ཀྱི་གསོ་བ་རིག་པ་ཡིན་པས། སློབ་མ་བསྡུ་བའི་གྲངས་འབོར་ལ་བལྟོས་བཅས་ཀྱིས་ཚད་བཀག་ཐེབས་པ་དང་། སློབ་རིམ་འཕར་བའི་ཐབས་ལམ་བལྟོས་བཅས་ཀྱིས་རྒྱ་ཆུང་བ། རིག་ཚན་ཆེད་ལས་ལ་ཚད་བཀག་ཆེ་བ། ལས་ཞུགས་ཁྱབ་ཁོངས་ཆུང་བ་སོགས་ཀྱི་གནད་དོན་ཡོད། འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་རྗེས། བོད་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་འདྲ་བར“རྒྱུགས་ཤོག་གཅིག་གིས་རྒྱུགས་ལེན་པ”ལག་བསྟར་བྱས་པ་དང་། གཅིག་གྱུར་རྒྱུགས་ལེན་གྱི་སློབ་ཚན་ནི་རྒྱ་ཡིག་དང་། ཨང་རྩིས། ཕྱི་རྒྱལ་གྱི་སྐད་ཡིག་བཅས་ཡིན་པ་དང་། ཕྱི་རྒྱལ་གྱི་སྐད་ཡིག་ནང་དབྱིན་ཡིག་དང་། ཨུ་རུ་སུའི་སྐད་ཡིག རི་པིན་གྱི་སྐད་ཡིག ཧྥ་རན་སིའི་སྐད་ཡིག འཇར་མན་གྱི་སྐད་ཡིག སི་ཕེན་གྱི་སྐད་ཡིག་བཅས་ཚུད་ཡོད། གདམ་གའི་རང་བཞིན་གྱི་ཡིག་རྒྱུགས་སློབ་ཚན་ནང་བསམ་བློ་ཆབ་སྲིད་དང་། ལོ་རྒྱུས། ས་ཁམས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ་བཅས་ཡོད། བོད་ཀྱི་རྒྱུགས་སྤྲོད་སློབ་མས་སྔར་བཞིན་མཐོ་སློབ་དཀྱུས་མའི་བོད་སྐད་ཡིག་སློབ་ཚན་གྱི་ཆེད་ལས་ལ་མིང་ཐོ་འགོད་ཆོག་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་གི་ཡིག་རྒྱུགས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱེད་པ་དང་། ཡིག་རྒྱུགས་ལོན་ཚེ་མིང་ཐོ་འགོད་ཆོག དེས་མི་རིགས་ཁག་གི་སློབ་མ་ཚོར་དེ་བས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཤེས་བྱ་སྦྱོང་བའི་ནུས་པ་ཆེ་རུ་བཏང་ནས་ཚན་རིག་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་པས། སློབ་མ་འཇོན་ཐང་ཅན་ལ་འགྱུར་བར་གོ་སྐབས་དེ་བས་མང་བ་མཁོ་འདོན་དང་། སློབ་མ་མཐོ་རིམ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་གདམ་ག་དེ་བས་མང་བ་མཁོ་འདོན་ཐུབ་ཡོད།
བོད་ཀྱི་མཐོ་རྒྱུགས་སློབ་ཚན་ལ་ལེགས་སྒྲིག་བྱས་པ་དེ་བོད་སྐད་ཡིག་གི་སློབ་ཚན་མེད་པར་བཟོས་པ་མིན། བོད་སྐད་ཡིག་ནི་སྔར་བཞིན་བོད་ལྗོངས་དང་བོད་འབྲེལ་ཀྲོའུ་དང་རྫོང་གཞན་དག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་ཡིན་པ་དང་། རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་བོད་སྐད་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་འགྱུར་ལྡོག་ཕྱིན་མེད་ལ་སློབ་ཚན་ཡང་ཉུང་དུ་ཕྱིན་མེད། སློབ་ཚན་གྱི་ཇུས་གཞི་དོན་འཁྱོལ་དང་། སློབ་ཁྲིད་ལག་བསྟར་ཚད་ལྡན་དུ་གཏོང་བ། སློབ་ཁྲིད་བྱེད་སྟངས་ལེགས་སྒྲིག་སོགས་ཀྱི་ཐད་བོད་སྐད་ཡིག་ལ་རིག་ཚན་གཞན་དག་དང་འདྲ་བར་བླང་བྱ་ནན་པོ་ཡོད་པ་མ་ཟད། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་སྦྱོང་ཆུ་ཚད་ཡིག་རྒྱུགས་ནང་བཅུག་ཡོད། བོད་རང་སྐྱོང་ལྗོངས་དང་བོད་འབྲེལ་ཀྲོའུ་དང་རྫོང་གཞན་དག་གི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚང་མར་བོད་སྐད་ཡིག་གི་དགེ་རྒན་འདང་ངེས་ཡོད། མིག་སྔར་བོད་དུ་སྐད་གཉིས་དགེ་རྒན་ཁྲི་3ལྷག་ཙམ་ཡོད་པ་དང་བོད་སྐད་ཡིག་གི་ཆེད་ཁྲིད་དགེ་རྒན་2018ལོའི་5800ནས་8300ཙམ་བར་འཕར་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་དགེ་འོས་རིགས་ཀྱི་མཐོ་སློབ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ བོད་ལྗོངས་སློབ་ཆེན་སོགས་དགེ་འོས་རིགས་མིན་པའི་མཐོ་སློབ་ཚང་མར་བོད་སྐད་ཡིག་གི་ཆེད་ལས་ཡོད་པ་དང་ལོ་ལྟར་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་ཐོན་སློབ་མ་མང་པོ་ཞིག་དགེ་རྒན་དཔུང་ཁག་ནང་ཞུགས་ཡོད།
ཧྥུང་ཧོང་སྲུང་སྐར་བརྙན་འཕྲིན་གྱི་གསར་འགོད་པ། ཉེ་དུས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁོ་པའི་ཡང་སྲིད་སྐོར་གྱི་འབྲེལ་ཡོད་གསལ་བསྒྲགས་བསྐྱར་དུ་སྤེལ་ཡོད། ཁྱེད་ཀྱིས་དེའི་ཐད་ལྟ་སྟངས་ཅི་འདྲ་འཛིན་གྱི་ཡོད་དམ།
ཀརྨ་ཚེ་བརྟན། སྤྲུལ་སྐུའི་ཡང་སྲིད་ལ་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ནན་པོ་ཡོད། ཏཱ་ལའི་བླ་མ་ཞེས་པའི་མིང་གི་ལོ་རྒྱུས་ཀྱི་ཁྲིམས་མཐུན་རང་བཞིན་དེ་ཀྲུང་དབྱང་སྲིད་གཞུང་ནས་བྱུང་བས། ཏཱ་ལའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྲུང་དབྱང་སྲིད་གཞུང་ལ་རྩོད་ཐབས་བྲལ་བའི་མཐའ་མའི་ཐག་གཅོད་བྱེད་དབང་ཡོད། དེ་ནི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་བརྟན་པོར་སྲུང་བའི་བསྲུང་བྱ་རེད་ལ། ཏཱ་ལའི་ཡང་སྲིད་སྐོར་གྱི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། ཡང་སྲིད་ཀྱི་གནད་དོན་ཐད་ཏཱ་ལའི་བླ་མ་མི་སྒེར་ལ་ཚིག་ཐག་གཅོད་དབང་གཏན་ནས་མེད། ཏཱ་ལའི་བླ་མའི་ཡང་སྲིད་ཐད་ངེས་པར་དུ“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུ་བ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྒྲུབ་དགོས།
ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ། མཚོ་བོད་ས་མཐོར“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”དང་གོ་ལ་ཧྲིལ་པོའི་གནམ་གཤིས་བདེ་འཇགས་ཀྱི“སྙོམས་བྱེད་ཡོ་ཆས”ཡིན་ཞེས་བརྗོད་ཀྱི་ཡོད། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བོད་ཀྱིས་གོ་ལ་ཧྲིལ་པོར་ཁྱབ་གདལ་གཏོང་ཆོག་པའི་གྲུབ་འབྲས་ལྡན་པའི་ལག་ལེན་གང་དག་ཡོད་དམ།
ཝང་ཅུན་ཀྲེང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་མིའི་རིགས་འཚོ་གནས་ཀྱི་རྨང་གཞི་ཡིན། ང་ཚོས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ལྕི་ཤོས། གཏིང་ཤུགས་ཆེ་ཤོས་བཅས་སུ་བརྩི་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ། འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བར་སྤྱི་འདོམས། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གསལ་སྟོན་གནང་བའི“སྐྱེ་ཁམས”ཀྱི་དོན་ཆེན་དེར་དམིགས་པ། སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་པ་མ་ཟད། 2021ལོར་འཚོགས་པའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འབད་འཐབ་དམིགས་ཚད་བཏོན་ཡོད། ང་ཚོས་དམིགས་ཚད་དེར་དམིགས་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་པོར་བསྐྲུན་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད།
མིག་སྔར། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། དེ་ནི་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་པའི་འབྲས་བུ་ཞིག་ཡིན། ང་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ནས། མཚོ་བོད་ས་མཐོ་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་སྐྱེ་ཁམས་རྒྱུ་ནོར་དུ་འགྱུར་བར་བྱས་ཏེ་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན།
ཁྲིམས་སྐྱོང་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཀྲུང་གོས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་སུ་གཏན་འཁེལ་བྱས་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་ཚུན་གྱི་ལག་ལེན་ནས་བལྟས་ཚེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་བསྟར་ཞིབ་ཕྲ་གང་དག་བྱུང་ཡོད་དམ། དཔེ་ཁ་ཤས་དང་ཟུང་འབྲེལ་བྱས་ནས་གསལ་བཤད་གནང་རོགས།
ཀརྨ་ཚེ་བརྟན། 1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པས། མི་རིགས་ཁག་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་རང་བདག་ངང་ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་དོ་དམ་ནང་འདྲ་མཉམ་ངང་ཞུགས་པའི་དབང་ཆ་གང་ལེགས་སྤྱོད་ཐུབ་པ་བྱུང་ནས“ཡར་ལངས་ཏེ་བདག་པོར་འགྱུར་བ”ནས“རང་ཁྱིམ་རང་བདག་བྱུང་བའི”བར་གྱི་འགྱུར་ལྡོག་གཏིང་ཟབ་མངོན་འགྱུར་དངོས་འབྲེལ་བྱུང་ཡོད། ལོ་ངོ་60ཡི་རིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་བྱ་གཞག་ཁག་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་སྟེ་བོད་འདི་ཉིད་མེས་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་གི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྱི་གྲས་སུ་གྱུར་ཡོད། ངས་ཕྱོགས་ཁ་ཤས་ཀྱི་ཐོག་ནས་ངོ་སྤྲོད་བྱ་རྒྱུ་ཡིན།
གཅིག གྲངས་ཉུང་མི་རིགས་ཀྱི་རང་ཁྱིམ་རང་བདག་གི་དབང་ཆར་ཁྲིམས་བཞིན་འགན་ལེན་ཐུབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ནང་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གཞོན་པའི་འགན་འཁུར་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བོད་རིགས་སྤྱི་དམངས་ཀྱིས་འགན་འཁུར་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་ད་བར་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཚང་མ་ནི་བོད་རིགས་སྤྱི་དམངས་ཡིན། མིག་སྔར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པར་འཐུས་མི་ཁྱོན་428ཡོད་པའི་ནང་བོད་རིགས་དང་མི་རིགས་གཞན་དག་གི་འཐུས་མི་ཁྱོན་280ཡོད་པ་དེས་65.42%བཟུང་ཡོད།
གཉིས། བབ་བསྟུན་ལག་བསྟར་དབང་ཆ་ཁྲིམས་བཞིན་སྤྱད་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ནང་། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་། གཏན་འབེབས། བཀའ་རྒྱ། མཛུབ་སྟོན་བཅས་ལ་གལ་ཏེ་མི་རིགས་རང་སྐྱོང་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་མི་འཚམ་པ་ཡོད་ཚེ་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་བབ་བསྟུན་ལག་བསྟར་རམ་ཡང་ན་ལག་བསྟར་བྱེད་མཚམས་འཇོག་ཆོག་པའི་གཏན་འབེབས་བྱས་ཡོད། 2024ལོའི་ལོ་མཇུག་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་171བཟོས་ནས་ལག་བསྟར་བྱས་པའི་ནང་ད་ལྟ་གོ་ཆོད་པའི་གྲོས་ཆོད་དང་གཏན་འབེབས་136ཡོད་པ་དང་གྲོས་ཆོད་དང་གཏན་འབེབས་35མེད་པ་བཟོས་ཡོད།
གསུམ། སྐད་ཡིག་འདྲ་མཉམ་ངང་སྤྱོད་རྒྱུར་ཁྲིམས་བཞིན་འགན་ལེན་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ནང་། མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པ་གཏན་འབེབས་ཁ་གསལ་བྱས་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གྲོས་ཆོད་དང་ཁྲིམས་སྲོལ་ལ་གྲོས་འཆམ་བྱས་པ་དང་བོད་ཀྱི་རིམ་ཁག་སྲིད་གཞུང་དང་སྲིད་གཞུང་སྡེ་ཚན་གྱིས་ཡོངས་ཁྱབ་རང་བཞིན་གྱི་ཡིག་ཆ་བཀྲམ་པ་དང་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་དུས་གཅིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད།
བཞི། མི་རིགས་ཁག་གི་འདྲ་མཉམ་དབང་ཆར་ཁྲིམས་བཞིན་འགན་ལེན་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ནང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཚང་མར་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་པར་འགན་ལེན་བྱས་ནས། ས་གནས་དེ་གར་འདུས་སྡོད་བྱས་པའི་གྲངས་ཉུང་མི་རིགས་གཞན་དག་ལ་རོགས་རམ་བྱས་ཏེ་དེ་མཚུངས་ཀྱི་རང་སྐྱོང་ས་གནས་སམ་ཡང་ན་མི་རིགས་ཤང་འཛུགས་དགོས་པའི་གཏན་འབེབས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་གསུམ་དུ་མི་རིགས་རང་སྐྱོང་ཤང་ཁྱོན་9བཙུགས་པའི་ནང་། མོན་པ་མི་རིགས་ཤང་5དང་། ལྷོ་པ་མི་རིགས་ཤང་3 འཇང་མི་རིགས་ཤང་1བཅས་ཡོད་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་ས་གནས་ཀྱི་ལས་དོན་དོ་དམ་ནང་ཞུགས་པའི་ཆབ་སྲིད་ཀྱི་དབང་ཆར་འགན་ལེན་ཏན་ཏིག་ཐུབ་ཡོད།
(རྩོམ་ཡིག་འབྱུང་ཁུངས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་དྲ་ཚིགས)
འབྲེལ་ཡོད་གསར་འགྱུར།