དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་ཞུའེ་ཅེ།   |     སྤེལ་དུས།  2025-08-06

    2001ལོར་བློ་མཐུན་ཞི་ཅིན་ཕིང་ཧྥུའུ་ཅན་ཏུང་ཧྲན་རྫོང་ཨའོ་ཅའོ་གྲོང་ཚོར་ཕེབས་མྱོང་ཡོད། ལོ་23སོང་རྗེས་ཁོང་སླར་ཡང་དེ་གར་ཕེབས་སྐབས་གྲོང་ཚོར་འཕོ་འགྱུར་ཆེན་པོ་ཕྱིན་པ་གཟིགས་པས་དགྱེས་ཚོར་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། ཚང་མར“གྲོང་གསེབ་དར་རྒྱས་དང་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་བགྲོད་ལམ་དུ་ཞུམ་མེད་མདུན་སྐྱོད་བྱེད་དགོས”ཞེས་སྐུལ་ལྕག་གནང་བ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་རེད”ཅེས་བཏོན་ཡོད།

    དུས་ཀྱི་མདའ་མོར་ཕྱིར་ལྟ་བྱེད་སྐབས། ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་པའི་དོན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་ནམ་ཡང་འཆང་བཞིན་ཡོད།

    ས་གནས་སུ་ཕྱག་ལས་གནང་སྐབས“སྔོན་ལ་རང་ཉིད་ཕྱུག་པོ་ཆགས་པར་བྱས་པ་དང་དེ་རྗེས་གཞན་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱེད་དགོས་པ”དང“ཧེ་བག་ཆུང་དུ་གཏོང་དགོས་པའི”སྐོར་བཏོན་གནང་ཡོད།

    སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་གནང་སྐབས“བློ་བརྟན་འགྱུར་མེད་ངང་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་བགྲོད་ལམ་དུ་སྐྱོད་དགོས”ཞེས་ནན་བཤད་གནང་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པ་མངོན་འགྱུར་ཡོང་ཆེད། རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐྱོད་དགོས”ཞེས་བཏོན་གནང་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    “མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པ”ཞེས་པའི་ཡིག་འབྲུ་རེ་རེ་ཅི་འདྲའི་བརྗིད་ཉམས་ལྡན་པ་ལ་ཨང་། སྤྱི་ཁྱབ་ཧྲུའུ་ཅིས“ཏང་ཡོངས་ཀྱིས་ངེས་པར་དུ་མིའི་གནད་དོན་ནི་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཀ་ལྟ་བུ་ཡིན་ཟེར་དགོས་དོན་བློ་ལ་བརྟན་པོར་ངེས་དགོས། མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ་ནི་རང་རེའི་ཏང་གི་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་གསུངས་ཡོད།

    མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ཀྱི་རིན་ཐང་དོན་གཉེར་བྱེད་ས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད།

    ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་རྒྱུའི་ཐད་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་ནི་སྔར་བཞིན་གྲོང་གསེབ་ཏུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་གྲོང་གསེབ་ས་ཁུལ་དེང་རབས་ཅན་དུ་འགྱུར་བར་ཐུགས་ཁུར་ཟབ་མོ་གནང་སྟེ། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ”དང“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ”“ལས་རིགས་དར་རྒྱས་གཏོང་བ་དང་། རྫོང་སྟོབས་ཆེར་གཏོང་བ། མི་དམངས་ཕྱུག་པོ་ཆགས་པ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ”ལ་སོགས་ཀྱི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་གཏོང་བའི་འགག་རྩ་ནི་མཉམ་འདྲེས་འཕེལ་རྒྱས་གཏོང་བར་ཐུག་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གྲོས་ཆོད》ནང“གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་རེད”ཅེས་བཏོན་ཡོད།

    རྫོང་གྲོང་གཞི་རྟེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་སོགས་ཏང་ཀྲུང་དབྱང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་མང་དུ་གཏོང་བ། གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

    ས་ཁུལ་དབར་གྱི་ཧེ་བག་ཆུང་དུ་གཏོང་བ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་ནི་ཐུན་མོང་འབྱོར་ཕྱུག་གི་ལམ་བུ་ཉག་ཅིག་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་སོགས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་ཏེ། ས་ཁུལ་ཁག་གིས་དཔལ་འབྱོར་ཐད་དེ་བས་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་ཡོང་བར་བྱས་ཡོད།

    2024ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་གནང་སྐབས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    “མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་བའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ནི་མཐའ་མཚམས་མི་རིགས་ས་ཁུལ་ཁ་ཤས་སུ་ཡོད”“གྲོང་ཁུལ་རྙིང་པའི་མི་དམངས་ཚོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་འགན་ལེན་བྱེད་པ་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ཞིག་རེད”ཅེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་བྱེད་དགོས་ངེས་ཀྱི་ས་ཁུལ་ཐུགས་ལ་འཆང་བཞིན་ཡོད།

    ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནི་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བའི་ལན་འདེབས་དགོས་ངེས་ཀྱི་འདྲི་གཞི་ཞིག་རེད། “མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་རིམ་བཞིན་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་ལས་བརྩོན་ཕྱུག་འགྱུར་བྱས་ནས་ཡོང་འབབ་དང་། ལས་ཞུགས། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། སྨན་རྫས་འཕྲོད་བསྟེན། སྡོད་ཁང་སོགས་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་ཟབ་མོ་གནང་ཡོད།

    ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“དམངས་འཚོ་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ”དང“མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ”“རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ”“གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཡོང་བའི་འགན་ལེན་བྱེད་དགོས་པ”བཅས་ཀྱི་ནན་བཤད་གནང་ཡོད།

    ཉེ་འགྲམ་གྱི་གནས་ཚུལ་དང་། སེམས་ཁུར་བྱེད་ས། ཞིབ་ཕྲའི་གནས་ཚུལ་བཅས་རེ་རེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་མཉམ་འདྲེས་བྱས་ནས། མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སུ་འགྱུར་བར་བྱས་པ་སྟེ། 2024ལོར་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་ཞུ་བྱས་པར་མི་ཐེངས་དུང་ཕྱུར་2.38ལ་ཕན་པ་ཐོབ་པ་དང་། བགོས་ཚོང་ཅན་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ། བོགས་གཏོང་གཞུང་ཁང་སོགས་ཁང་པ་ཁྲི་180སྐྲུན་འགོ་བཙུགས་ནས། གྲོང་མི་གསར་པ་དང་། གཞོན་ནུ། ཞིང་པ་ལས་མི་བཅས་འབོར་ཆེན་གྱི་སྡོད་ཁང་གི་གནད་དོན་ཐག་གཅོད་ཐུབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐུན་མོང་ཐོག་འབྱོར་ཕྱུག་མངོན་འགྱུར་བྱེད་པ་ནི་དཔལ་འབྱོར་གྱི་གནད་དོན་ཞིག་ཡིན་པ་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། དགོས་མཁོ་དང་ཐོན་སྲིད་པའི་གནད་དོན་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་རིམ་པས་གོང་སྤེལ་གྱིས་ས་ཁུལ་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་སོགས་ཀྱི་གནད་དོན་རང་རྟོགས་དང་རང་འགུལ་ངང་ཐག་གཅོད་བྱེད་དགོས་པའི”ནན་བཤད་གནང་ཡོད།

    ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ཀྱིས་དོན་དག་རེ་རེ་བཞིན་ལེགས་པར་སྒྲུབ་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་ཚེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཐུབ་ནས། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལྡན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།