ཀོང་ཤིས་ཀྱི་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་དུས་མཚུངས་ལས་140%ལྷག་ཙམ་འཕར་བ།
● 2025ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱི་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་250ལས་བརྒལ་ནས་དུས་མཚུངས་ལས་140%ལྷག་ཙམ་འཕར་ཡོད། དེའི་ནང་ཀོང་ཤིས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དབར་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱིས་70%ཙམ་བཟུང་ཡོད།
གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱི་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་250ལས་བརྒལ་ནས་དུས་མཚུངས་ལས་140%ལྷག་ཙམ་འཕར་ཡོད་པ་དང་། དེའི་ནང་ཀོང་ཤིས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དབར་རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱིས་70%ཙམ་བཟུང་ཡོད་པ་རེད།
འདི་ལོ་ཚུན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་ཀྲོའུ་གྲོང་ཁྱེར་དང་། པེ་ཧའེ་གྲོང་ཁྱེར། ཧྥང་ཁྲེང་ཀང་གྲོང་ཁྱེར་བཅས་སུ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་རྒྱུར་བཀའ་མཆན་གནང་བས་ཀོང་ཤིས་ལ་བཀའ་མཆན་ཐོབ་པའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་7ཡོད་པ་རེད། དེའི་ནང་ནན་ཉིང་གྲོང་ཁྱེར་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་ལྟ་འདོམས་ལྟེ་གནས་ཤོང་སྐྱེད་རིམ་སྤོར་བྱས་ནས་སྟབས་བདེའི་འགག་སྒྲོལ་སྒྱུར་བཅོས་དང་། མི་ཐབས་རིག་ནུས་བཀོལ་སྤྱོད་མཉེན་ཆས་གསར་གཏོད། རྒྱལ་སྒྲོལ་དྲ་ཚོང་གི་ལས་རྣམ་གསར་པ་ནང་འདྲེན་བཅས་བྱས་པ་དང་། ཝུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་འགག་སྒོའི་འགྲོ་ལུགས་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་བྱས་ཏེ་ལས་སྟེགས་དང་མཁོ་སྤྲོད་འཁོར་འབྲེལ་ཟུང་འབྲེལ་བྱེད་པའི་རྒྱལ་སྒྲོལ་དྲ་ཚོང་གི་སྐྱེ་ཁམས་འཁོར་འབྲེལ་བཙུགས་པ། ཧྥང་ཁྲེང་ཀང་གྲོང་ཁྱེར་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རྒྱལ་སྒྲོལ་དྲ་ཚོང་གི་མི་ཐབས་རིག་ནུས་གསར་གཏོད་མཉམ་ལས་ཁུལ་འཛུགས་སྐྲུན་བྱས་པ་བཅས་རེད།
དེ་དང་ཆབས་ཅིག ཀོང་ཤིས་ཀྱིས་སྔ་རྗེས་སུ་བྱེད་ཐབས་མང་པོ་བཏོན་ནས་ཕྱི་རྒྱལ་གྱི་མཛོད་སྐྲུན་པ་དང་ཤེས་ལྡན་པ་གསོ་སྦྱོང་སོགས་ཐད་ནས་འགོ་བཙུགས་ཏེ་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་རེད། ཀོང་ཤིས་ཀྱིས་ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་ནས་རྒྱལ་སྒྲོལ་ཐད་གཏོང་ཤེས་ལྡན་པའི་འགྲན་བསྡུར་ཐེངས་མང་གཉེར་ཏེ་དྲ་ཚོང་གི་ཤེས་ལྡན་པ་འཚར་ལོངས་ལ་རམ་འདེགས་བྱས་པས། འབྲེལ་ཡོད་རྒྱལ་སྒྲོལ་དྲ་ཚོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་རྒྱལ་སྒྲོལ་དྲ་ཚོང་གི་ཐོན་ལས་རུབ་འདུས་ཁུལ་དང་དེ་བཞིན་རྒྱལ་སྒྲོལ་དྲ་ཚོང་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་ཆགས་ཡོད་པ་རེད། མིག་སྔར། ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་དང་མེ་གླིང་སོགས་སུ་ཕྱི་རྒྱལ་གྱི་མཛོད་30ལྷག་བཀོད་སྒྲིག་བྱས་ནས་རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་600ལྷག་ཙམ་གྱིས་རྒྱལ་ཁབ་དང་ས་ཁུལ་160ལྷག་ཙམ་ལ་ཚོང་ཟོག་ཚོང་རོགས་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།