རང་རྒྱལ་གྱིས་ལོ་12བསྟུད་མར་གོ་ལ་ཧྲིལ་པོའི་བཟོ་ལས་འཕྲུལ་མིའི་ཁྲོམ་ར་ཆེ་ཤོས་རྒྱུན་འཁྱོངས་བྱས་པ།
ཚེས་2ཉིན། གསར་འགོད་པས་2025ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོར། རང་རྒྱལ་གྱི་བཟོ་ལས་འཕྲུལ་མིའི་ཁྲོམ་རའི་ཕྱིར་ཚོང་གྲངས་འབོར་ཁྲི་30.2ཟིན་ནས་ལོ་12བསྟུད་མར་གོ་ལ་ཧྲིལ་པོའི་བཟོ་ལས་འཕྲུལ་མིའི་ཁྲོམ་ར་ཆེ་ཤོས་རྒྱུན་འཁྱོངས་བྱས་ཡོད།
ཀྲུང་གོ་གློག་རྡུལ་སློབ་ཚོགས་ཀྱི་ལས་འཛིན་དཔོན་ཞུས་ཞའོ་ལན་གྱིས་2015ལོར་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་སྐབས་དང་པོ་པེ་ཅིང་དུ་འཚོགས་ཚུན། རང་རྒྱལ་གྱི་འཕྲུལ་མིའི་ཐོན་ལས་ལ་ཚན་རྩལ་གསར་གཏོད་ཀྱི་ཚད་བརྒལ་རབ་དང་རིམ་པ་བྱུང་ཡོད། 2024ལོར། རང་རྒྱལ་གྱི་འཕྲུལ་མིའི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་བྱེད་ཚད་དེ་གོ་ལ་ཧྲིལ་པོའི་འཕྲུལ་མིའི་ཁེ་བེད་བདག་ཐོབ་རེ་ཞུའི་བསྡོམས་འབོར་གྱི་2/3བཟུང་ཡོད་ཅེས་ངོ་སྤྲོད་བྱས།
ཐོན་ལས་འཕེལ་རྒྱས་ཐད་རང་རྒྱལ་ནི་གོ་ལ་ཧྲིལ་པོའི་འཕྲུལ་མི་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་བཟོ་ལས་འཕྲུལ་མིའི་ཐོན་ཚད་2015ལོའི་ཁྲི་3.3ནས་2024ལོའི་ཁྲི་55.6བར་འཕར་བ་དང་ཞབས་ཞུའི་འཕྲུལ་མི་ཐོན་ཚད་ཁྲི་1051.9ཟིན་ནས་དུས་མཚུངས་ལས་34.3%འཕར་ཡོད་པ་རེད།
བེད་སྤྱོད་རྣམ་པའི་ཐད་བཟོ་ལས་འཕྲུལ་མི་རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་ཆེ་གྲས་ཁག་71དང་ལས་རིགས་འབྲིང་གྲས་ཁག་236དུ་བེད་སྤྱོད་བྱས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་འཕྲུལ་མིའི་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་གསུམ་པར་སླེབས་ཡོད། ཁྱིམ་སྤྱོད་ཞབས་ཞུ་དང་། མཛོད་ཉར་ཟོག་འགྲེམས། ཚོང་སྤྱོད་ཞབས་ཞུ། རྒན་གསོ་དང་དབང་སྐྱོན་རོགས་སྐྱོར། སྨན་བཅོས་དང་དྲག་སྐྱེད་སོགས་ཁྱབ་ཁོངས་སུ་ཞབས་ཞུའི་འཕྲུལ་མི་སྤྱོད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རྒྱལ་སྤྱིའི་གྲངས་གཞི་ཀུང་སིའི་གྲངས་གཞི་ལས་མངོན་པར། 2024ལོར། ཀྲུང་གོའི་བཟོ་གྲྭ་དང་ཚོང་གཉེར་གྱིས་གོ་ལ་ཧྲིལ་པོའི་ཚོང་སྤྱོད་ཞབས་ཞུའི་འཕྲུལ་མིའི་ཁྲོམ་རའི་ཁྲོད་གནས་བབ་གཙོ་བོ་བཟུང་བ་དང་ཚོང་ཟོག་ཕྱིར་གཏོང་ཚད་84.7%ཟིན་ནས་གཞི་ཁྱོན་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།
2025ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཟླ་8ཚེས་8ནས་12ཉིན་བར་པེ་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་པེ་རེན་དབྱི་ཁྲོང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོག་རྒྱུ་ཡིན་ཞིང་། ཚོགས་ཆེན་རིང་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་འཕྲུལ་མིའི་ཁེ་ལས་200ལྷག་ཙམ་གྱི་འགྲེམས་སྟོན་ཐོན་ཟོག་1500ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་ཁེ་ལས་ཀྱི་གྲངས་འབོར་ན་ནིང་ལས་25%འཕར་རྒྱུ་རེད། དེའི་ནང་ཐོན་རྫས་གསར་པ་100ལྷག་ཙམ་ཐོག་མར་འདོན་རྒྱུ་ཡིན་པ་དང་གྲངས་འབོར་ན་ནིང་གི་ལྡབ་2ཙམ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།