ན་ནིང་རྒྱལ་ཡོངས་ཀྱི་ཆུ་འབྲས་དང་ཉ་ལས་ཀྱི་ཕྱོགས་བསྡུས་འདེབས་གསོའི་རྒྱ་ཁྱོན་དུས་མཚུངས་ལས་2.6%འཕར་བ།
ཉེ་ཆར། ཞིང་ལས་གྲོང་གསེབ་པུས《ཆུ་འབྲས་དང་ཉ་ལས་ཕྱོགས་བསྡུས་འདེབས་གསོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པའི་ནང་ཚད་ལྡན་མཐོར་འདེགས་དང་། ཕྱོགས་སྒྱུར་རིམ་སྤོར། དམངས་ཕྱུག་འབབ་འཕར། འགན་སྲུང་བྱེད་ཐབས་བཅས་ཕྱོགས་བཞིའི་ཐད་བླང་བྱ་ཁག་10བཏོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་ཆུ་འབྲས་དང་ཉ་ལས་ཀྱི་ཕྱོགས་བསྡུས་འདེབས་གསོ་རྒྱ་ཁྱོན་མུའུ་ཁྲི་4605ཟིན་པ་དེ་དུས་མཚུངས་ལས་2.6%འཕར་བ་དང་། འབྲས་སོབ་ཏུན་ཁྲི་2300དང་ཆུ་ཐོན་ཐོན་རྫས་ཏུན་ཁྲི་443ཙམ་ཐོན་སྐྱེད་ཐུབ་ནས། འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བ་དང་། ཉ་ལས་ལ་སྐུལ་འདེད་གཏོང་བ། འབབ་འཕར་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་བསྟན་དོན། ཆུ་འབྲས་དང་ཉ་ལས་ཕྱོགས་བསྡུས་འདེབས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བར“ཆུ་འབྲས་གཙོ་བོར་འཛིན་པ་དང་། ཆུ་འབྲས་དང་ཉ་ལས་གསབ་རེས། ལྗང་མདོག་འཕེལ་རྒྱས”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ“མི་དང་འབྲུ་རིགས་མི་རྩོད་པ་དང་། ཟ་འབྲུའི་རྨོ་ཞིང་མི་བཟུང་བའི”མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཐོག་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ་དང་། ཆུ་ཐོན་ཐོན་རྫས་མཁོ་སྤྲོད་བརྟན་པོ་བྱེད་པ། ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ་བཅས་ལ་ཆུ་འབྲས་དང་ཉ་ལས་ཕྱོགས་བསྡུས་འདེབས་གསོའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱས་ཏེ། ལོ་གསུམ་ནས་ལྔའི་ནང་འདེབས་གསོ་བྱེད་སྟངས་སྔར་བས་ནུས་ཆེ་དང་། འདེབས་གསོ་ཐོན་སྐྱེད་སྔར་བས་ལྗང་མདོག་ཡིན་པ། སྤུས་ཚད་བདེ་འཇགས་སྔར་བས་འགན་ལེན་བཅས་བྱུང་ནས། ཞིང་འབྲེལ་ཞིང་ཁྲིད་མཉམ་ཕྱུག་གི་དཔེ་མཚོན་སྔར་བས་མང་བ་ཐོན་པར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།