ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ།
“མེ་ཏོག་སྣ་གཅིག”ནས“མེ་ཏོག་སྣ་བརྒྱ་བཞད་པའི”བར་གྱི་འགྱུར་ལྡོག
བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་བཟོ་ལས་ཀྱི་འགོ་འཛུགས་ས་གལ་ཆེན་ཞིག་དང་།
“ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་པའི”ལོ་རྒྱུས་ཀྱི་བདེན་དཔང་ཞིག
འཁེལ་འཐག་བཟོ་པ་3000གིས་རྒྱུན་མཐུད་འབད་འཐབ་བྱས་ནས་བཏོད་པའི“ས་མཐོའི་དམར་རྟགས”བཅས་ཡིན་པ་འདི་ནི་བོད་ཀྱི་དེང་རབས་འཁེལ་འཐག་བཟོ་གྲྭ་དང་པོ་སྟེ། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་རེད།
1966ལོར་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭའི་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས་པ་ལས་གངས་ལྗོངས་ས་མཐོར་བོད་ཀྱི་དེང་རབས་འཁེལ་འཐག་ལས་རིགས་དར་འགོ་ཚུགས།
དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པ།
ཧྲང་ཧའེ་ནས་བོད་ལྗོངས་བར་གྱི་ལས་གཏོད་ལམ་བུ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཐོག་མའི་དུས་སུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་བཟོ་ལས་ཧ་ལམ་མེད། མཐའ་མཚམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་བཅས་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། དེ་བཞིན་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཧྲང་ཧའེ་ནས་འཁལ་འཐག་བཟོ་གྲྭ་ཞིག་བོད་དུ་སྤོས་ཏེ་བོད་ཀྱི་དེང་རབས་འཁེལ་འཐག་ལས་རིགས་ཀྱི་སྟོང་ཆ་བསྐངས་ནས་ས་གནས་དེ་གའི་དེང་རབས་བཟོ་ལས་འཕེལ་རྒྱས་གཏོང་བར་དཔེ་མཚོན་གཏོད་རྒྱུའི་གཏན་འབེབས་བྱས་པ་རེད།
བཟོ་གྲྭ་རྒྱག་ས་འཚོལ་བ་དང་རྩད་ཞིབ་ཐེངས་མང་བྱས་མཐར་བཟོ་གྲྭ་ཉིང་ཁྲི་བྲག་ཡིབ་གྲོང་རྡལ་དུ་བཙུགས་པ་རེད།
1966ལོའི་ཟླ་བ་དྲུག་པ་ནས་བརྒྱད་པའི་བར། ཧྲང་ཧའེ་གྲོང་ཁྱེར་བལ་སྤུ་ཀུང་སིའི་ཝུའེ་ལུན་འཁེལ་འཐག་བཟོ་གྲྭའི་བཟོ་པ་611དང་ཁོང་ཚོའི་ནང་མི་དང་། ཆེད་སྤྱོད་འཕྲུལ་ཆས་88 རྒྱུན་སྤྱོད་སྒྲིག་ཆས་21 འཕྲུལ་འཁོར་གྱི་ལྷུ་ལག་ཏུན་50 སྒོར་ཁྲི་44རི་བའི་གསར་དུ་ཉོས་པའི་རམ་འདེགས་རྒྱུ་ཆ་དང་ལག་རྩལ་སྐོར་གྱི་དཔྱད་གཞི་འབོར་ཆེན་ཞིག་བོད་དུ་དབོར་ནས་བོད་ཤར་ལྷོའི་ཁུལ་དུ་ས་བཟུང་རྒྱ་ཁྱོན་མུའུ་ཆིག་སྟོང་ཟིན་པའི་བཟོ་གྲྭ་ཞིག་བཙུགས།
1966ལོའི་ཟླ་9ཚེས་18ཉིན། བོད་ལྗོངས་ཉིང་ཁྲི་འཁེལ་འཐག་བཟོ་གྲྭ་བསྐྲུན་ཟིན་པའི་ཁྱབ་བསྒྲགས་བྱས་པ་དང་། ཟླ་བ་10པར་དངོས་སུ་ཐོན་སྐྱེད་བྱེད་འགོ་བཙུགས་ནས་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་སྐབས་ཀྱི་ས་གནས་ཀྱི་བཟོ་ལས་རྟེན་གཞི་གཙོ་བོའི་གྲས་ཤིག་ཏུ་གྱུར།
དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་ཞིང་། བཟོ་པའི་ཁ་གྲངས་ཆིག་སྟོང་ལས་བརྒལ་བ་དང་། རླངས་འཁོར་རུ་ཁག་དང་། གཞོགས་འདེགས་རུ་ཁག རྨང་གཞིའི་འཛུགས་སྐྲུན་རུ་ཁག་བཅས་བཙུགས། ལས་བཟོའི་བུ་ཕྲུག་སློབ་གྲྭ་དང“བདུན་གཉིས་གཅིག”བཟོ་པའི་སློབ་ཆེན་བཙུགས་ནས་ཐོན་སྐྱེད་འཇོན་ཐང་ཅན་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད།
རྒན་ཡོལ་ཞུས་པའི་བཟོ་པ་བློ་བཟང་ཐར་ཡང་སྐབས་དེ་དུས་འཁོར་ཁང་གི་ཉམས་བཟོ་བ་ཞིག་རེད། ཁོང་གིས་སྔ་རྗེས་སུ་ཧྲང་ཧའེ་ཡི་རྒན་ཚུའེ་ལགས་དང་རྒན་ཐན་ལགས་ཀྱི་ས་ནས་ལག་རྩལ་སྦྱངས་ཤིང་། འཁེལ་འཐག་རྩ་བ་ནས་མི་ཤེས་པའི་ཞིང་པ་ཞིག་ནས་ཉམས་བཟོ་མཁས་ཅན་དང་འཁོར་ཁང་གི་ཀྲུའུ་རེན་ལ་འཚར་ལོངས་བྱུང་ཡོད།
ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་བཙུགས་པ་དེ་ས་མཐོར་རྩ་བ་ཚུགས་པའི“ཧྲང་ཧའེ་གྲོང་རྡལ་ཆུང་ངུ”ཞིག་དང་འདྲ་བར། མི་རིགས་ཁག་གི་ལས་བཟོས་དེ་གར་མཉམ་བཟའ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱས་ཏེ་བོད་ཀྱི་དེང་རབས་འཁེལ་འཐག་ལས་རིགས་ཀྱི་ཐོག་མའི་རྣམ་པ་མཉམ་དུ་བཏོད་ཡོད།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ།
དར་རྒྱས་ཆེ་ཤོས་ཀྱི་དུས་སྐབས་ནས་ཕྱོགས་སྒྱུར་བར་བརྒལ་གྱི་དུས་སྐབས།
དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་དུས་མཇུག་ནས་ལོ་རབས་བརྒྱད་ཅུ་པའི་དུས་འགོའི་བར། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་འདི་ཉིད་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།
1983ལོ་ནས་1990ལོའི་བར། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭས་སྒྱུར་བཀོད་ཐེངས་མང་བྱས་ཏེ། “ས་མཐོ”རྟགས་ཅན་གྱི་ཐོན་རྫས་བཏོན་པས། ཐོན་སྐྱེད་ནུས་པ་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། དེའི་ནང་1989ལོ་ནི་བཟོ་གྲྭ་དེའི་ལོ་རྒྱུས་ཐོག་དཔལ་འབྱོར་ཕན་འབྲས་ཡག་ཤོས་ཀྱི་ལོ་ཞིག་ཡིན་པ་དང་། ལོ་དེར་ཁེ་སྤོགས་སྒོར་ཁྲི་695.62བྱུང་ཡོད།
སྐབས་ཤིག་རིང་སྐྱེ་བོ་ཀུན་གྱིས་བསྔགས་བརྗོད་བྱེད་པའི“དོམ་ཁྲ་རྟགས་ཅན་གྱི་ཀམ་པ་ལི”བོད་ཀྱི་ཁྱད་ལྡན་ཐོན་རྫས་ལ་གྱུར་ནས་རྒྱལ་ཡོངས་ས་ཕྱོགས་ཀུན་ལ་བཏང་། དེར་བརྟེན་འཁེལ་འཐག་བཟོ་གྲྭར་ཡང་མི་ཚང་མས་ཤེས་པའི་མིང་ཞིག་ཡོད་པ་སྟེ“ས་མཐོའི་དམར་རྟགས”ཟེར་གྱི་ཡོད།
གྲངས་གཞི་ལས་མངོན་པར། ལོ་བཅུ་ཕྲག་ཁ་ཤས་རིང་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭས་འགོ་སྣམ་སྨི་ཁྲི་680ལྷག་ཙམ་དང་། མེ་ཏོག་བརྒྱབ་པའི་ཀམ་པ་ལི་ཁྲི་80ལྷག་ཙམ། སྤུན་དོག་སྤྱི་རྒྱ་ཁྲི་524 ས་གདན་གྱི་རྒྱུ་སྤུན་སྤྱི་རྒྱ་ཁྲི་126བཅས་ཐོན་སྐྱེད་བྱས་པར་ཁེ་སྤོགས་སྒོར་ཁྲི་4600བྱུང་བ་དང་། ཁྲལ་དངུལ་སྒོར་ཁྲི་3900འཇལ་བ། རིམ་རྩིས་བརྒྱབ་ན་མི་3000ལྷག་ཙམ་ལས་ཞུགས་ཐུབ་པ་བཅས་བྱུང་ནས་སྐབས་དེ་དུས་བོད་ཀྱི་བཟོ་ལས་དཔེ་སྟོན་ཞིག་རེད།
འོན་ཀྱང་དར་རྒྱས་བྱུང་རྗེས། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭར་ཉམས་ཉེན་ཆེན་པོ་བྱུང་བ་དང་ཚོད་བགམ་དྲག་པོ་འཕྲད།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར། ཁྲོམ་ར་མུ་མཐུད་སྒོ་མོ་ཕྱེ་བ་དང་བསྟུན་ནས་རྒྱལ་ཡོངས་ཀྱི་འཁེལ་འཐག་ལས་རིགས་ལ་སྤྱི་འབོར་རང་བཞིན་དང་གྲུབ་ཆའི་རང་བཞིན་གྱི་འགལ་བ་རིམ་བཞིན་མངོན་པ་དང་། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭར་ཡང་རྒྱུ་ཆའི་མ་གནས་ཅུང་མཐོ་བ་དང་། གསར་གཏོད་ནུས་པ་མི་འདང་བ། ཁྲོམ་རར་བྲིན་ཁ་རྒྱུག་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ཡོད།
བསམ་གཏན་གྱིས“བོད་ཀྱི་དམིགས་བསལ་གནས་ཚུལ་རྐྱེན་པས་མ་བཅོས་རྒྱུ་ཆ་དང་སྐྱེལ་འདྲེན་གྱི་མ་གནས་ཅུང་མཐོ་པོ་ཡོད། ཁྲོམ་རར་ཐོན་རྫས་སྣ་ཁ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡང་། ང་ཚོའི་བཟོ་གྲྭའི་འཕྲུལ་ཆས་དང་སྒྲིག་ཆས་རིམ་བཞིན་རྙིང་པ་ཆགས་པ་དང་། ཐོན་རྫས་ཁ་ཤས་ཀྱི་བཟོ་ལྟ་རྙིང་པ་རྙིང་རྐྱང་ཆགས་ནས་འཚོང་ལམ་མེད་སྟབས། བཟོ་གྲྭས་ཐོན་སྐྱེད་བྱེད་ཚད་ཉུང་དུ་མི་གཏོང་ཀ་མེད་དུ་གྱུར་པ་མ་ཟད། 1994ལོར་གཞི་རྩའི་ཆ་ནས་ཐོན་སྐྱེད་བྱེད་མཚམས་བཞག་ཡོད”ཅེས་དབུགས་རིང་གཏོང་བཞིན་བརྗོད།
2004ལོའི་རྗེས་སུ་བོད་ལྗོངས་གཞུང་ལམ་ལས་གྲྭ་སྤྱི་ཁྱབ་ཀུང་སིས(བོད་ལྗོངས་ཐན་ལུའུ་ཚོགས་པའི་སྔ་མིང)ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་ཧྲིལ་པོ་ཟླ་སྒྲིལ་བཏང་བ་དང་། རྗེས་སུ་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་ཚད་ཡོད་ཀུང་སིར་མིང་བསྒྱུར་བ་མ་ཟད། མཛོད་ཉར་ཟོག་འགྲེམས་དང་སྡེ་ལས་གསར་སྤེལ་དོ་དམ་སོགས་ལ་ཁ་ཕྱོགས་བསྒྱུར་ནས་འཁེལ་འཐག་ལས་རིགས་གཉེར་མཁན་ཧ་ལམ་མེད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པ།
ས་མཐོའི་འཁེལ་འཐག་ལས་རིཌ་ལས་སྐྱེ་སྟོབས་གསར་པ་མངོན་པ།
ལྗོངས་ཡོངས་ཀྱི་འཁེལ་འཐག་ལས་རིགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ས་མཐོའི་འཁེལ་འཐག་གི་ལེའུ་གསར་པ་མུ་མཐུད་རྩོམ་ཆེད། 2020ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་ཤུགས་ཆེན་འོག གནས་སྤོས་ཞིང་འབྲོག་པ་ཡུན་རིང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བྱས་ཏེ་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་ཐོན་ལས་གླིང་དུ་བཙུགས།
མ་དངུལ་སྒོར་དུང་ཕྱུར་2.6ཙམ་བཏང་བ་དང་ས་བཟུང་རྒྱ་ཁྱོན་མུའུ་100.76ཟིན་པའི་བོད་ལྗོངས་ས་གོ་ལའི་གླིང་སྣེ་གསུམ་པའི་འཁེལ་འཐག་ཐོན་ལས་ཚད་ཡོད་ཀུང་སི(གཤམ་དུ“གླིང་སྣེ་གསུམ་པའི་འཁེལ་འཐག་ཀུང་སི”ཞེས་བསྡུ་རྒྱུ)བཙུགས། དུས་དེ་ནས་བཟུང་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་སླར་ཡང་མང་ཚོགས་ཀྱི་མིག་ལམ་དུ་མངོན།
ལོ་འགའི་རིང་། ཀུང་སི་དེས་ས་མཐོའི་འཁེལ་འཐག་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཚད་གཞི་གཏོད་པར་གཞོལ་ནས་ཁྲོམ་རའི་འགྲན་རྩོད་ལ་ཧུར་ཐག་ཞུགས་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ། སྔ་རྗེས་སུ་ཧོ་པེ་དང་ཀྲེ་ཅང་སོགས་སུ་ལས་སྒོའི་རྟེན་གཞི་དང་དོན་གཅོད་ཁྲུའུ་བཙུགས་པ་དང་། པེ་ཅིང་གྱོན་ཆས་སློབ་གླིང་དང་མཉམ་འབྲེལ་ཐོག་ཐོན་རྫས་གསར་པ་གསར་སྤེལ་བྱས་ནས་རང་རྟེན་སྤུས་རྟགས“ནོར་ཁུ”བཏོན་པ་མ་ཟད། ལོ་གཉིས་བསྟུད་མར་པེ་ཅིང་དར་སོའི་གྱོན་ཆས་གཟའ་འཁོར་ལ་ཞུགས་པར་བྱ་དགའ་ཐོབ་པ་དང་། 2023ལོར་ཐོན་རྫས་ཧན་གོར་ཕྱིར་གཏོང་བྱས་པས། ཞིང་འབྲོག་པ་མི་ཐེངས་1500ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། འབྲོག་པའི་ས་ནས་རྒྱུ་ཆ་ཉོས་པརའབྲོག་པར་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་འཕར་བར་སྐུལ་འདེད་བཏང་ཡོད།
མེ་ཏོག་སྣ་གཅིག་མཚར་ན་དཔྱིད་ཀྱི་རྒྱན་དུ་མི་འོས། འདབ་བརྒྱ་ལྷུག་པོར་གྲོལ་ན་དཔྱིད་དཔལ་རབ་ཏུ་བཞད་ངེས།
མིག་སྔར། རང་ལྗོངས་སུ་འཁེལ་འཐག་དང་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ཐོ་འགོད་གཉེར་སྐྱོང་བྱེད་པོ་650ལྷག་ཙམ་ཡོད་པ་དང་། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“བོད་ཀྱི་རའི་ཁུ་ལུ”དང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས“རུ་ཐོག་གི་རའི་ཁུ་ལུ”དང“ལྷོ་ཁའི་རྩེད་ཐེར”སོགས་རིམ་བཞིན་སྐད་གྲགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། སྤང་རྒྱན་མེ་ཏོག་དང་། གསེར་གྱི་ཁ་བཏགས་རྟགས་ཅན་གྱི་རའི་ཁུ་ལུ། འགྲོ་ཕན་གླིང་སོགས་འཕེལ་རྒྱས་འགྲོ་བཟང་བའི་རང་ཡུལ་གྱི་འཁེལ་འཐག་ཁེ་ལས་མང་པོ་ཞིག་ཐོན་བཞིན་ཡོད། མ་ཟད་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་རིག་གནས་ཀྱི་ནང་དོན་ལྡན་པའི་ཐོན་རྫས་དེ་དག་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོར་བྲིན་ཁ་རྒྱུག་བཞིན་ཡོད།
བསམ་གཏན།
ཞིང་བྲན་གྱི་ཕྲུ་གུ་ཞིག་ནས་བཟོ་པར་གྱུར་བ།
“ཁྱེད་ཚོས་བོད་རྙིང་པའི་དཀའ་སྡུག་མྱངས་མྱོང་མེད་ལ། བོད་རྙིང་པའི་མི་སེར་རྣམས་ཀྱི་རྟ་ཟོག་སེམས་ཅན་ལྟར་གྱི་འཚོ་བའང་མཐོང་མྱོང་མེད་སྟབས། ང་བཟོ་པ་ཡིན་པའི་སྤྲོ་སྣང་དང་བདེ་སྐྱིད་རྟོགས་ཐབས་བྲལ”བསམ་གཏན་གྱིས་མྱོང་བ་ཟབ་མོས་འདས་ཟིན་པའི་འཚོ་བར་དྲན་གསོ་བྱས། དེ་ནས་གད་མོ་འཚེར་འཚེར་ངང“འཁེལ་འཐག་བཟོ་གྲྭའི་བཟོ་པ་ཁག་དང་པོའི་གྲས་ཡིན་པའི་ངོས་ནས་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག དེ་ལས་ངའི་མི་ཚེར་འགྱུར་ལྡོག་ཕྱིན་སོང”ཞེས་བཤད།
1949ལོར། བསམ་གཏན་ལྷུན་གྲུབ་རྫོང་དུ་སྐྱེས། བཀྲེས་ལྟོགས་ཁྲོད་ཁོང་གི་བྱིས་དུས་དེ་ལྟར་འདས།
1959ལོར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱ་དང་མཉམ་དུ་བསམ་གཏན་གྱི་ནང་མི་ཚོར་ཡང་བཅིངས་འགྲོལ་ཐོབ་ཡོད། བསམ་གཏན་གྱིས་གསར་འགོད་པར་ང་རང་མི་སྒེར་གྱི་ངོས་ནས་བརྗོད་ན། བག་ཆགས་ཟབ་ཤོས་ནི་ལོ་17ལ་སླེབས་པའི་ལོ་དེར་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭས་ལྷུན་གྲུབ་རྫོང་འཕན་པོ་ཞིང་རར་ལས་མི་བསྡུ་བར་ཡོང་བ་དེ་རེད་ཅེས་བཤད།
ཉིན་དེར་བསམ་གཏན་ཞིང་པ་ཞིག་ནས་བོད་གསར་པའི་དེང་རབས་འཁེལ་འཐག་བཟོ་པ་ཁག་དང་པོའི་གྲས་སུ་གྱུར་བ་དང་རྒན་ཡོལ་མ་ཞུས་གོང་ཁོང་གིས་བཟོ་གྲྭའི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་གྱི་ཡོད།
བསམ་གཏན་གྱིས་གསར་འགོད་པར་ངས་རང་ཉིད་ཀྱི་ལས་ཀར་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ལས་ཀ་དཀའ་ལས་ཧ་ཅང་ཁག་པོ་ཡོད་མོད། འོན་ཀྱང་སྡུག་ཡུས་གཏན་ནས་བཤད་མྱོང་མེད། དེ་ལྟར་ལས་ཀ་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་སོང་ཡོད། ད་ལྟ་ཕྱིར་དྲན་བྱེད་སྐབས་ཞིང་བྲན་གྱི་ཕྲུ་གུ་ཞིག་ནས་བཟོ་པར་གྱུར་བ་མ་ཟད། བཟོ་གྲྭའི་ལས་བྱེད་པ་ཞིག་ཏུ་གྱུར་བས་མི་ཚེ་འདིར་དོན་སྙིང་ལྡན་ཡོད་ཅེས་བཤད།
བཀྲ་ཤིས་རྣམ་མཚོ།
འཁེལ་འཐག་ཐོན་རྫས་ཀྱི་མིང་བྱང་གསར་པ་ཧུར་ཐག་བཏོད་པ།
བཀྲ་ཤིས་རྣམ་མཚོ་ནི་བོད་ཀྱི་ས་གོ་ལའི་གླིང་སྣེ་གསུམ་པའི་འཁེལ་འཐག་ཐོན་ལས་ཚད་ཡོད་ཀུང་སིའི(གཤམ་དུ“གླིང་སྣེ་གསུམ་པའི་འཁེལ་འཐག་ཀུང་སི”ཞེས་བསྡུ་རྒྱུ)ཁྲོམ་ར་ཚོང་གཉེར་པུའི་གཙོ་གཉེར་བ་རེད།
2021ལོར་བཀྲ་ཤིས་རྣམ་མཚོ་གླིང་སྣེ་གསུམ་པའི་འཁེལ་འཐག་ཀུང་སིར་སླེབས་ཤིང་། ལོ་བཞིའི་རིང་ཁོང་ཁེ་ལས་དང་མཉམ་དུ་འཚར་ལོངས་བྱུང་ནས་ས་མཐོའི་འཁེལ་འཐག་ལས་རིགས་འཕེལ་རྒྱས་ཀྱི་བདེན་དཔང་བྱས་ཡོད།
“ང་ཚོའི་ཁེ་ལས་ནི་2020ལོའི་ཟླ་4པར་བཙུགས་པ་ཞིག་ཡིན་ཞིང་། ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་ཤིག་རེད་ལ། གནས་སྤོས་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་བའི་འགན་ལེན་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་རེད། ལོ་ཤས་རིང་ཁེ་ལས་དེས‘ས་མཐོའི་དམར་རྟགས’ཀྱི་འོད་རྒྱུན་མཐུད་འཕྲོ་བ་བྱེད་པ་ལས་འགན་དུ་བརྩིས་ནས་རྣམ་པ་གསར་རྐྱང་གིས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད”ལྷོ་ཁ་གྲོང་ཁྱེར་སྲིན་བུ་རིའི་ཐོན་ལས་གླིང་དུ་གནས་པའི་བཟོ་གྲྭར་བཀྲ་ཤིས་རྣམ་མཚོས་གསར་འགོད་པ་དང་བཅས་པའི་སྣེ་ཁྲིད་དེ་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་བཟོ་གྲྭ་དང་ལུ་གུ་བརྒྱུད་འབྲེལ་གྱི་ཐོན་སྐྱེད་བརྒྱུད་རིམ་ལ་ལྟ་སྐོར་བྱས།
ཁེ་ལས་ཀྱི་ཐོན་རྫས་ཀྱི་ཁྱད་ཆོས་སྐོར་གླེང་སྐབས་བཀྲ་ཤིས་རྣམ་མཚོས། རང་རྟེན་སྤུས་རྟགས“ནོར་ཁུ”ནི་བཀྲག་མདངས་འཚེར་ཤོས་ཀྱི་གྲས་ཤིག་རེད་ཅེས་བརྗོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭས་བཏགས་པའི“ས་མཐོ”རྟགས་ཅན་གྱི་ཀམ་པ་ལི་ནི་སྐད་གྲགས་ཆོད་པའི་བོད་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད་པས། སྐབས་ཤིག་རིང་མི་ཚང་མས་འཚང་ཁ་ཤིག་ཤིག་གིས་ཉོ་བའི་བྲིན་ཁ་རྒྱུག་པའི་ཚོང་ཟོག་གཙོ་བོ་ཞིག་ཏུ་གྱུར། ད་ཆ་གླིང་སྣེ་གསུམ་པའི་འཁེལ་འཐག་ཀུང་སིས“ནོར་ཁུ”སྤུས་རྟགས་ཀྱི་ཐོན་རྫས་རབ་དང་རིམ་པ་ཧུར་ཐག་བཟོས་ཏེ། བོད་ཀྱི་སྤུས་ལེགས་འཁེལ་འཐག་ཐོན་རྫས་ཁྲོམ་ར་དེ་བས་ཆེ་བར་བཏོན་ནས་དུས་རབས་གསར་པར་སྐད་གྲགས་ཆོད་པའི་བོད་ཀྱི་འཁེལ་འཐག་སྤུས་རྟགས་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།