དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་དམངས་གཙོའི་སྲིད་དབང་ཕྱོགས་ཡོངས་ནས་བཙུགས་པ་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བའི་བར།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་གངས་ལྗོངས་ས་མཐོར་གནམ་ས་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-06

    1965ལོའི་ཟླ་9ཚེས་1ནས་9ཉིན་བར། ལོ་ཤས་གྲ་སྒྲིག་ཞིབ་ཚགས་བྱས་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས། དེ་ལས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ཁུལ་མཇུག་ཤོས་དེ་དབུ་བརྙེས་པ་མཚོན་ཡོད།

    ལོ་ངོ་60སྐད་ཅིག་ཉིད་དུ་འདས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྱང་ལོ་ངོ་60ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དེང་གི་བོད་ལྗོངས་སུ་ཆབ་སྲིད་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་དུལ། ཁོར་ཡུག་མཐུན་འཕྲོད། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། གངས་ལྗོངས་ས་མཐོའི་ཐོག་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ངོ་མཚར་བཏོད་པ་དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ཡོད།

    ཡར་ལངས་ཞིང་བྲན་འཐུས་མིར་གྱུར་པ།

    གངས་ལྗོངས་ས་མཐོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལྡང་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མི་ཚེ་རིང་ལྷ་མོ་ནི་1926ལོར་ལྷོ་ཁ་ལྷུན་རྩེ་རྫོང་གསང་སྔགས་ཆུས་ཀྱི་བ་ཚང་སྐྱོ་པོ་ཞིག་ཏུ་སྐྱེས། ལོ་6ནས་བཟུང་ཁོ་མོ་མངའ་བདག་གི་ནང་གཟན་ལ་གྱུར། ལོ་12ལ་སླེབས་སྐབས་མངའ་བདག་གིས་བསམ་མཁར་གཞིས་ཀར་བཙོངས། དེ་ནས་བཟུང་ཕ་མ་གཉིས་དང་ས་ཐག་རྒྱང་སྟེ་དཀའ་སྡུག་དང་བཤུ་གཞོག་ཚད་མེད་མྱོང་དགོས་བྱུང་། དེ་དག་ཁོ་མོའི་བྱིས་དུས་ཀྱི་འཚོ་བའི་བརྗེད་ཐབས་བྲལ་བའི་སྡུག་བསྔལ་དུ་གྱུར་ཡོད།

    1959ལོར་གངས་ལྗོངས་ས་མཐོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལྡང་བས། ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ལས་དབང་ལ་རྦད་དེ་འགྱུར་ལྡོག་འགྲོ་འགོ་ཚུགས། ལོ་རྗེས་མ་དེར་ཚེ་རིང་ལྷ་མོ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། ཚེ་རིང་ལྷ་མོས་1961ལོའི་ཟླ་3པར་སྣེ་གདོང་ཆུས་བསམ་མཁར་གྲོང་ཚོར་ནང་གཟན་ཁྱིམ་ཚང་11ལས་གྲུབ་པའི“དབུལ་ཕོངས་རོགས་རེས་ཚོགས་ཆུང”བཙུགས་ཏེ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་ཞིང་། “ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་མིག་དཔེར”གྱུར། 1963ལོའི་ཟླ་10པར། ཚེ་རིང་ལྷ་མོ་པེ་ཅིང་དུ་ཐེངས་དང་པོ་བསྐྱོད་སྐབས། མའོ་ཀྲུའུ་ཞིའི་བྱམས་བརྩེའི་མཇལ་འཕྲད་ཐོབ་པ་དེ་ནི་བོད་རྙིང་པར་ཞིང་བྲན་ཚོར་ཉལ་བའི་རྨི་ལམ་དུའང་འཁོར་མྱོང་མེད་པའི་གཟི་བརྗིད་ཅིག་རེད།

    སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་རྒྱུན་ཁྲོད། ཚེ་རིང་ལྷ་མོར་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པ་དང་དྲུག་པའི་འཐུས་མིར་བདམས་ཐོན་བྱུང་། 1979ལོ་ནས་1984ལོའི་བར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་མི་རིགས་ཁག་གི་མི་དམངས་རྣམས་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ནང་ཞུགས་པའི་ཧུར་སེམས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཞིང་བྲན་གྱི་རྗེས་རབས་པ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་བརྒྱུད་རྒྱལ་ཁབ་བཅོས་སྐྱོང་ནང་ཞུགས། མིག་སྔའི་བར། ལྗོངས་ཡོངས་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42000ལྷག་ཙམ་གྱི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་89%ཙམ་བཟུང་བ་དང་། མོན་པ་དང་ལྷོ་པ་སོགས་མི་འབོར་ཁྲི་གཅིག་ཀྱང་མ་ཟིན་པའི་མི་རིགས་ཀྱི་མི་དམངས་ཁྲོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོད་ཅིང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཁྲིམས་ལྟར་དམངས་གཙོའི་ཁེ་དབང་ལོངས་སྤྱོད་ཐུབ་ནས་དངོས་འབྲེལ་ལས་དབང་གི་བདག་པོར་གྱུར་ཡོད།

    འཐུས་མིས་དམངས་ཆེད་འགན་འཁྲི་བསྒྲུབས་པ།

    མི་རིགས་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱུང་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་འཐུས་མི་ཡིན་པའི་འགྲམ་འགག་སྒོ་དགོན་གསར་ཀུང་ཧྲེའི་ཤར་པ་དབྱངས་ཅན་ལྷ་མོས་ཡུལ་མི་ཚོའི་རེ་སྒུག་བློ་ལ་ངེས་ནས་སྤོབས་སེམས་ཆེན་པོས་ཚོགས་རར་ཕེབས་བཞིན་པ་དེ་ནི་1979ལོའི་ཟླ་8ཚེས་6ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གི་གནས་ཚུལ་རེད། ཐེངས་དེའི་ཚོགས་འདུ་ནི“རྒྱལ་ཡོངས་ལས་དོན་གྱི་ཤུགས་རྒྱག་ས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བསྒྱུར་བའི་ལོ་དང་པོར”འཚོགས་པ་ཞིག་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་སྒྲུབ་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་ལ། དེ་ལས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ངོ་བོའི་ཁྱད་ཆོས་མངོན་ཡོད། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་སུ་དེ་བས་ཀྱང་དེ་ལྟར་རེད།

    ཆུ་ཤུར་ཞིང་དར་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཞེ་ཅུན་ཁྲེང་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་ཞིང་། ཁོང་གིས་སྡེ་ཁུལ(གྲོང་མི་ཨུ་ལྷན་ནམ་ཡུལ་མི་ཨུ་ལྷན)གྱི་རྒན་གསོའི་ལས་ཀར་ཞབས་ཞུའི་རིགས་རྐྱང་པ་དང་། ཤེས་ལྡན་པ་དཀོན་པ། སྤྱི་ཚོགས་ཀྱི་ཞུགས་ཚད་ཉུང་བ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྗེས། “སྡེ་ཁུལ(གྲོང་མི་ཨུ་ལྷན་ནམ་ཡུལ་མི་ཨུ་ལྷན)གྱི་རྒན་གསོའི་ཞབས་ཞུ་ལེགས་བཅོས་དང་ཁྱབ་སྤེལ་བྱ་རྒྱུའི་སྐོར་གྱི་གྲོས་འགོ”བཏོན་པར་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

    ཞེ་ཅུན་ཁྲེང་གི་གྲོས་འགོ་དོན་ཐོག་ཏུ་འཁྱོལ་ཞིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་གནད་དོན་ལ་དམིགས་ནས་སྲིད་ཇུས་ལམ་སྲོལ་དང་། ཞབས་ཞུ་མཁོ་སྤྲོད། ཚད་ལྡན་ཞབས་ཞུ་སོགས་ཀྱི་ཐད་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱས་ཐོག ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་མ་ལག་ཧུར་ཐག་བཙུགས་ནས་རྒན་རྒོན་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཡོད། 2025ལོའི་ཟླ་7པའི་ཟླ་མཇུག་བར། བོད་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་གྱི་ཞབས་ཞུ་ལྟེ་གནས་80བཙུགས་པ་དེ་དག་ལྗོངས་ཡོངས་ལ་ཁྱབ་ནས་རྒན་རྒོན་ཚོར་འཚོ་བའི་ལྟ་རྟོག་དང་། ནད་གསོ་ནད་གཡོག སེམས་ཁམས་གསོ་བ་སོགས་སྣ་མང་ཅན་གྱི་ཞབས་འདེགས་ཞུ་གི་ཡོད།

    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ།

    ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་པར་སླེབས་པ།

    ད་ལོ་ལོ་92ལ་སླེབས་པའི་བགྲེས་སོང་རྣམ་རྒྱལ་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེའི་འགན་ཁུར་མྱོང་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་ལོ་རྒྱུས་རང་བཞིན་གྱི་དོན་དངོས་བརྒྱུད་མྱོང་མཁན་མྱོང་མཁན་དེའང་རེད། ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཐོག་མར་འཛུགས་སྐབས། ལས་འགན་གཙོ་བོ་ནི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ས་ཁུལ་འདི་ག་དང་འཚམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་རྒྱུ་དེ་རེད་ཅེས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།

    1979ལོའི་ཟླ་7ཚེས་1ཉིན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི>གཏན་འབེབས་འགའ་ཞིག་སྐོར་གྱི་གྲོས་ཆོད》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ནས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་འཐུས་ཚོགས་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འཁེལ་བྱས།

    དེ་རྗེས་ཀྱི་བགྲང་བྱ་བཅུ་གྲངས་རིང་ལ། ལྷ་ས་གྲོང་ཁྱེར་དང་རྫོང(ཆུས)ཁག་གི་མི་དམངས་འཐུས་ཚོགས་ཀྱིས་ཀྱང་སྔ་རྗེས་སུ་རྒྱུན་ལས་ཨུ་ལྷན་བཙུགས་པ་དང་། ལྷག་པར་དུ་2015ལོར་ཁྲིམས་འཛུགས་སྐོར་གྱི་བཅའ་ཁྲིམས་ཀྱིས་ཆུས་འཛུགས་ཆོག་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་ཁྲིམས་འཛུགས་དབང་ཆ་སྤྲད་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆུས་བཙུགས་ཟིན་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་ལས་དོན་ལ་ཁྲིམས་བཞིན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་སུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་ལེན་བསྟར་བའི་རྩ་འཛུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

    མིག་སྔའི་བར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་170ལྷག་ཙམ་བཟོས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆུས་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་100ལྷག་ཙམ་ལ་ཞིབ་མཆན་བཀོད་ནས་ཆོག་མཆན་སྤྲད་པ་དེས་ལྗོངས་ཡོངས་ཀྱི་རིགས་ཁག་གི་དོན་གནད་ཚང་མ་ཁྲིམས་སྐྱོང་གི་སྲོལ་ལམ་ནས་བསྒྲུབས་ཐུབ་ཡོད།

    རྣམ་རྒྱལ་གྱིས།

    ཚེ་གང་ཏང་གི་བཀའ་ལ་ཉན་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན།

    “ད་ལོ་དིང་རིར་ས་ཡོམ་བརྒྱབ་རྗེས་གེགས་ཁུལ་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁུར་བྱ་ཡུལ་དུ་གྱུར་ཡོད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་གང་མགྱོགས་སྤེལ་ཡོད”ད་ལོ་ལོ་92ལ་སླེབས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་རྣམ་རྒྱལ་མ་གཞི་ཁྲེང་ཏུར་འཚོ་བ་སྐྱེལ་གྱི་ཡོད་མོད། འོན་ཀྱང་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་ཀྱི་ཡོད།

    “ངའི་ཕ་མ་གཉིས་ཞིང་བྲན་ཡིན། ཏང་གིས་ང་ཚོའི་འཚོ་བར་འགྱུར་ལྡོག་བཏང་བྱུང་ལ། ངའི་ལས་དབང་ལའང་འགྱུར་ལྡོག་བཏང་བྱུང”1936ལོར་ཧོ་ལུང་གིས་སྣེ་ཁྲིད་པའི་ཀྲུང་གོ་བཟོ་ཞིང་དམར་དམག་བྱང་ཕྱོགས་སུ་རྒྱང་སྐྱོད་བྱས་ནས་འབའ་ཐང་བརྒྱུད་སྐབས་ལམ་བར་དུ་གསར་བརྗེའི་མེ་སོན་གཏོར་ཡོད། རྣམ་རྒྱལ་ནི་ཆུང་བྱིས་པའི་དུས་ནས་ཨ་མས་བཤད་པའི་དམར་དམག་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཉན་ནས་འཚར་ལོངས་བྱུང་བ་ཞིག་རེད། དེ་ནས་གཞུང་བཙུགས་འབའ་ཐང་དགེ་འོས་སློབ་གྲྭ་འགྲིམས་རྗེས་རྒྱལ་གཅེས་ཡར་ཐོན་གྱི་གཞོན་ནུ་ཞིག་ཏུ་གྱུར།

    1950ལོའི་ཟླ་1པོར་ལོ་17ལ་སླེབས་པའི་རྣམ་རྒྱལ་འབའ་ཐང་རྫོང་དུ་དམག་སྡེ་བཅོ་བརྒྱད་པའི་དཔུང་ཁག་ནང་ཞུགས། ཆབ་མདོར་བཅིངས་འགྲོལ་བཏང་རྗེས་མུ་མཐུད་ཆབ་མདོར་ལས་ཀ་བྱས་ནས་བསྡད།

    1965ལོའི་ཟླ་9ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་རེད། ཚོགས་ཆེན་གྱི་འཐུས་མི་300ལྷག་ཙམ་གྱི་གྲས་ཡིན་པའི་རྣམ་རྒྱལ་གྱིས་གཟི་བརྗིད་ལྡན་པའི་ངང་འདེམས་ཤོག་འཕངས། ལོ་ངོ་60ཡི་རིང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་སྐབས་ལོ་བཅུ་ཕྲག་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་ཚོར་ཞིང་། རྣམ་རྒྱལ་གྱིས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    བུ་ཆུང་གིས།

    ས་མཐོའི་འཕོ་འགྱུར་ཆེན་པོ་ནི་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་ཤིག་རེད།

    བུ་ཆུང་1937ལོའི་ཟླ་12པར་སྐྱེས། གཞིས་རྩེ་རིན་སྤུངས་རྫོང་ནས་ཡིན་ཞིང་། 1956ལོའི་ཟླ་9པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1993ལོའི་ཟླ་དང་པོ་ནས་2003ལོའི་ཟླ་དང་པོ་བར། སྔ་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར། 2003ལོའི་ཟླ་2པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ནས་རྒན་ཡོལ་ཞུས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་ཞུགས་སྐབས་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སྤོབས་པའང་ཆེན་པོ་སྐྱེས་བྱུང་། ང་ཚོ་འཐུས་མི་དེ་དག་མང་ཆེ་བ་ཞིང་བྲན་གྱི་རྗེས་རབས་པ་ཡིན་པས། སྔོན་ཆད་སྐད་ཆ་ཤོད་དབང་ག་ནས་ཡོང་། ད་ཆ་མི་དམངས་ཚོགས་ཁང་དུ་ཚོགས་འདུར་ཞུགས་རྒྱུ་བྱུང་། འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བའི་སྐབས་དེ་དུས་ཀྱི་ཚོར་སྣང་ད་ལྟའི་གཞོན་ནུ་ཚོས་མྱོང་ཚོར་ཐུབ་ཁག་པོ་རེད། སེམས་འགུལ་ཚད་མེད་ཐེབས་བྱུང་ལ་དེ་བས་རང་ཉིད་ཀྱི་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པའང་ཚོར་བྱུང་། མི་དམངས་ཀྱིས་ང་འཐུས་མིར་བདམས་པས་ངས་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་དགོས་ངེས་རེད་ལ། མི་དམངས་ཀྱི་རེ་འདུན་ཚོགས་འདུའི་ཐོག་ཤོད་དགོས་ངེས་རེད།

    ང་རང་ལོ་ཆུང་དུས་གཞིས་རྩེ་རྫོང་དུ་ལས་ཀ་བྱེད་མྱོང་ཡོད། སྐབས་དེ་དུས་ཀྱི་འཚོ་བ་ད་ཆ་ལྟར་ཕྱུག་པོ་མེད་ཀྱང་། ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཚང་མའི་སེམས་ཤུགས་དང་ངར་ཤུགས་ད་ལྟ་ལས་ཞན་པ་མེད། གང་ལགས་ཤེ་ན། ཡར་ལངས་ཞིང་བྲན་གྱི་རྗེས་རབས་པ་ཚོས་རྒྱལ་ཁབ་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲངས་ནས་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་ཏེ་རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པས་རེད།

    1993ལོར། ང་རང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཁུངས་སུ་ལས་སྒྱུར་བྱས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་མང་པོ་ཞིག་དམངས་འཚོ་ལེགས་སུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཟབ་མོ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་སློབ་གསོ་དང་སྨན་བཅོས་ལེགས་སུ་གཏོང་བའི་བར་དང་། ཐོན་ལས་རོགས་སྐྱོར་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད། ལྷག་པར་དུ་སྡོད་གནས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དེ་ཐད་ཀར་མཐོང་ཐུབ། ད་ཆ་ཞིང་འབྲོག་ཁུལ་ཡིན་ནའང་འདྲ་གྲོང་ཁྱེར་དང་གྲོང་རྡལ་ཡིན་ནའང་རུང་། མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ནི་ཚང་མས་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།