དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་བཅོལ་དངུལ་དང་དངུལ་བུན་གྱི་བསྡོམས་འབོར་གཉིས་ཀ་འཕར་བ།

    བཅོལ་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར་500ལས་ཐོག་མར་བརྒལ་བ་དང་། དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་600ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-06

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་བ་དྲུག་པའི་ཟླ་མཇུག་བར་ཏུ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་གི་རང་དངུལ་དང་ཕྱི་དངུལ་རིགས་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་500ལས་བརྒལ་ནས་སྒོར་དུང་ཕྱུར་507.66ཟིན་པ་དང་། རིགས་ཁག་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་600ལས་བརྒལ་ནས་སྒོར་དུང་ཕྱུར་606.07ཟིན་ཏེ། བཅོལ་དངུལ་དང་དངུལ་བུན་གྱི་བསྡོམས་འབོར་གཉིས་ཀའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། དངུལ་རྩའི་སྟོན་གྲངས་ཤུགས་ཆེར་འཕར་བའི་རྣམ་པ་མངོན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ཟླ་བ་དྲུག་པའི་ཟླ་མཇུག་བར་ཏུ། ཉིང་ཁྲི་གྲོང་ཁྱེར་གྱི་རིགས་ཁག་གི་བཅོལ་དངུལ་གྱི་ལྷག་གྲངས་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་24.88འཕར་བ་དེ་དུས་མཚུངས་ལས་16.86%འཕར་ཡོད་པ་དང་། རིགས་ཁག་གི་དངུལ་བུན་གྱི་ལྷག་གྲངས་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་100.15འཕར་བ་དེ་དུས་མཚུངས་ལས་20.25%འཕར་ནས། བཅོལ་དངུལ་དང་དངུལ་བུན་གྱི་གཞི་ཁྱོན་གཉིས་ཀ་འཕར་བའི་རྣམ་པ་བརྟན་པོ་བྱུང་ཡོད་པ་རེད། བཅོལ་དངུལ་གྱི་གྲུབ་ཆའི་ཐད། ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་162.06དང་དངུལ་རྩ་མིན་པའི་ཁེ་ལས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་102.77ཟིན་ནས་དུས་མཚུངས་ལས་15.55%དང་22.35%སོ་སོར་འཕར་ཡོད་པ་རེད། བཅོལ་དངུལ་དང་དངུལ་བུན་གྱི་བསྡོམས་འབོར་གཉིས་ཀ་མཉམ་དུ་འཕར་བའི་ཐོག་ནས་དཔལ་འབྱོར་སླར་གསོ་བརྟན་པོ་བྱུང་སྟེ་ཁྲོམ་རའི་གདེང་ཚོད་མུ་མཐུད་ཆེ་རུ་འགྲོ་བ་མཚོན་ཡོད་པ་རེད།

    དེ་དང་ཆབས་ཅིག ཡིད་རྟོན་དངུལ་བུན་གྱི་མ་དངུལ་ཡང་དངོས་ཚན་དཔལ་འབྱོར་གྱི་འགག་རྩའི་ཁྱབ་ཁོངས་སུ་གནད་ལ་འཁེལ་པོས་བཏང་ཡོད། 2025ལོའི་ཟླ་བ་དྲུག་པའི་ཟླ་མཇུག་བར་ཏུ། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་137.42ཟིན་པ་དེ་དུས་མཚུངས་ལས་1.88%འཕར་ནས། གྲོང་གསེབ་དར་རྒྱས་ཀྱི་དངུལ་རྩའི་རྨང་གཞི་མུ་མཐུད་བརྟན་དུ་ཕྱིན་ཡོད། ཨར་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་289.90ཟིན་པ་དེ་དུས་མཚུངས་ལས་62.37%འཕར་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གློག་ཤུགས་དང་། ཚ་ཤུགས། འབར་རླངས། ཆུའི་ཐོན་སྐྱེད། མཁོ་སྤྲོད་ལས་རིགས་སོགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་121.46ཟིན་པ་དེ་དུས་མཚུངས་ལས་9.80%འཕར་ནས། ས་གནས་ཀྱི་རྨང་གཞིའི་ཐོན་ལས་དང་དམངས་འཚོའི་ཁྱབ་ཁོངས་གལ་ཆེན་འཕེལ་རྒྱས་བརྟན་པོ་འགྲོ་བར་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།