དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཁྲུག་ཆ་དོད་པའི་ཟི་ལིང་གི་མཚན་མོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་།   |     སྤེལ་དུས།  2025-08-06

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། དབྱར་དུས་ཀྱི་ཐང་ཏའོ་སྒོར་གཞས་ཐང་ཆེན་འཁྲུག་ཆ་རབ་ཏུ་དོད། ས་སྲོད་ཙམ་ལ་ཐང་ཆེན་དུ་མིས་ཁེངས་ཤིང་། རིམ་བཞིན་ས་རུབ་པ་དང་ཐང་ཆེན་དུ་མཐོངས་ཡངས་གློག་བརྙན་སྟོན་འགོ་ཚུགས། པེ་ཅིང་ནས་ཡོང་བའི་གློག་བརྙན་དབྱིངས་པ་ཨ་ཅག་ཀྲང་ལགས་ནི་ཟི་ལིང་དུ་གློག་བརྙན་འགྲེམས་སྟོན་ལ་ཞུགས་ཐེངས་གསུམ་པ་རེད། ཁོང་གིས“དང་པོ་ཡོང་དུས་ནས་དེ་གའི་རྣམ་པར་ཧ་ཅང་དགའ་པོ་བྱུང་། དབྱར་དུས་ཀྱི་ཟི་ལིང་དེ་གློག་བརྙན་དབྱིངས་པ་འདུ་འཛོམས་བྱ་ཡུལ་དུ་གྱུར་བས། སེམས་མཐུན་གྲོགས་པོ་མང་པོ་ཞིག་ངོ་ཤེས་ཀྱི་འདུག”ཅེས་བཤད།

    མཐོངས་ཡངས་གློག་བརྙན་སྟོན་རྒྱུ་དེ་གློག་བརྙན་འགྲེམས་སྟོན་གྱི་གཏན་འཇགས་ལེ་ཚན་ཞིག་ཡིན་པ་དང་། ལོ་བརྒྱད་རིང་རྒྱུན་མཐུད་ནས་སྤེལ་བ་རེད། “དབྱར་དུས་མཐོངས་ཡངས་གློག་བརྙན་ལྟ་རྒྱུ་ནི་ང་ཚོ་མི་རབས་འདིའི་བྱིས་དུས་ཀྱི་དྲན་ཤེས་རེད” ལོ་50ལ་སླེབས་པའི་གྲོང་མི་ལི་ཞའོ་ཕིང་དང་ཁོང་གི་ནང་མི་ཐང་ཆེན་ཕྱི་སྐོར་གྱི་རྡོ་བཀྱག་གཉིས་པའི་ཐོག་བསྡད། གློག་བརྙན་སྟོན་པར་ད་དུང་དུས་ཚོད་ངེས་ཅན་ཞིག་ཡོད་ཀྱང་མཐའ་འཁོར་གྱི་རྡོ་བཀྱག་ཐོག་ལྟད་མོ་བ་མི་ཉུང་བ་ཞིག་བསྡད་ཡོད། ཁོང་གིས་ཐག་མི་རིང་བའི་སར་ཡོད་པའི་གཞོན་ནུ་རྣམས་ལ་ལྟ་བཞིན“ཁོང་ཚོས་སྒྱུ་རྩལ་སྐོར་གླེང་བ་དང་། ཕུགས་བསམ་དོན་གཉེར་བྱེད་ཀྱི་ཡོད། ང་ཚོས་གློག་བརྙན་རྙིང་པར་ལྟ་བ་དང་། འདས་དོན་དྲན་གསོ་བྱེད་ཀྱི་ཡོད། རང་རང་བྲོ་བ་འདྲ་གི་མ་རེད”ཅེས་དགོད་བཞིན་བཤད།

    མཚན་མོའི་དུས་སུ་ཐང་ཏའོ་ཚོང་གྲོང་གི་སྲེག་ཟས་ཚོང་ཁང་ཞིག་གི་སྦྱིན་བདག་ཀྲང་ཞའོ་ཁེའི་ཚོང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད། གློག་བརྙན་འགྲེམས་སྟོན་འགོ་ཚུགས་པ་ནས་བཟུང་ཚོང་ཁང་གི་སྒོ་འགྲམ་དུ་དགོང་ལྟར་སྲེག་ཟས་བཟའ་མཁན་ཧ་ཅང་མང་པོ་ཡོད་པ་རེད། “དུས་རྒྱུན་གྱི་ཉིན་རེའི་ཚོང་གཉེར་བསྡོམས་འབོར་སྒོར་ཁྲི་3ཙམ་ཟིན་པ་དང་གློག་བརྙན་འགྲེམས་སྟོན་རིང་ཚོང་གཉེར་བསྡོམས་འབོར་སྒོར་ཁྲི་4ནས་5བར་རག་གི་འདུག ས་ཆ་གཞན་གྱི་མི་དང་ས་གནས་དེ་གའི་མི་མང་པོ་ཡོད་པས། དགོང་མོའི་ཆུ་ཚོད་བཅུ་པ་ཡོལ་རྗེས་དེ་བས་འཁྲུག་ཏུ་ཕྱིན་ནས་ཁྲོམ་གཞུང་དུ་གློག་བརྙན་གྱི་སྐོར་གླེང་མཁན་གྱིས་ཁེངས་འདུག”ཅེས་སྐུ་མགྲོན་ལ་སྣེ་ལེན་ཞུ་ཀྱིན་ཁོང་གིས་དེ་ལྟར་བཤད།

    ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧའེ་ཞ་ཡིས། ཟི་ལིང་གི་གློག་བརྙན་འགྲེམས་སྟོན་དེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་གྱི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད། “གནའ་བོའི་གྲོང་ཁྱེར་གྱི་མཚན་མོར་མཐོངས་ཡངས་གློག་བརྙན་བསྟན་པ་དེས་སྐུ་མགྲོན་མང་པོའི་ཡིད་དབང་བཀུག་པ་མ་ཟད། ཡུལ་སྐོར་དེ་ཡུལ་ལྗོངས་ལ་ལྟ་སྐོར་བྱེད་པ་ནས་འཚོ་བ་ཉམས་ལེན་བྱེད་པར་འགྱུར་བཞིན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།