དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣུམ་བཞུ་ནས་གློག་སྒྲོན་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤེས་རབ་རྡོ་རྗེ། དཀོན་མཆོག་སྒྲོལ་མ། བསྟན་འཛིན།   |     སྤེལ་དུས།  2025-08-06

    དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་ཡས་མས་ནས་ད་ཆའི་བར། རང་ལྗོངས་སུ་མཚན་མོ་སྣུམ་བཞུ་གསལ་ལ་མི་གསལ་ཞིག་སྤོར་བ་ནས་གློག་སྒྲོན་ཁྲ་ཆིལ་དགུ་ཆིལ་སྤོར་བའི་བར་ལ་འགྱུར་ལྡོག་བསམ་ཡུལ་ལས་འདས་པ་བྱུང་ཡོད། ད་ལོ་ལོ་82ལ་སླེབས་པའི་བགྲེས་སོང་བློ་བཟང་གིས་ཚོམས་ཆེན་དབུས་ཀྱི་མེ་ཏོག་གི་འདབ་མ་བཞད་པ་ལྟ་བུའི་གློག་སྒྲོན་ལ་ལྟ་བཞིན་འགྱུར་ལྡོག་ཆེན་པོ་འདི་འདྲ་ཕྱིན་ཡོང་བསམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད་ཅེས་དགའ་ཚོར་ཆེན་པོས་བརྗོད།

    ཕ་ཡུལ་མལ་གྲོ་གུང་དཀར་ནས་ཡིན་པའི་བགྲེས་སོང་བློ་བཟང་གིས་བརྗོད་པའི་སྣུམ་བཞུ་ནས་གློག་སྒྲོན་བར་གྱི་འགྱུར་ལྡོག་སྐོར་ཉན་སྐབས། འདས་སོང་གི་ལོ་ངོ་བཅུ་ཕྲག་འགའ་ཤས་ནི་སྣུམ་བཞུ་ནས་ས་བཞུ་དང་། དེ་ནས་གློག་སྒྲོན་ལ་འགྱུར་བ་བྱུང་བ་ཙམ་མ་ཡིན་པར། རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་དེ་བས་གྲ་རྒྱས་པ་དང་། སྟབས་བདེ་བ། འཐུས་སྒོ་ཚང་དུ་འགྲོ་བའི་བརྒྱུད་རིམ་ཞིག་རེད།

    སྣུམ་བཞུ།

    ལོ་རབས་དྲུག་ཅུ་པའི་ཡས་མས་སུ། ཞིང་འབྲོག་ཁུལ་དུ་དགོང་མོ་སྣུམ་བཞུ་ལས་སྤོར་རྒྱུ་མེད་ཅིང་། ཟས་གོས་སྡོད་གསུམ་ད་ལྟ་བཞིན་ཕུན་སུམ་ཚོགས་པོ་མེད་ཁར། སྡོད་སའི་ཁང་པའང་གུ་དོག་ལ་ཐོག་དཔངས་དམའ། མུན་རུབ་རྗེས་དུ་བས་འཚོས་པའི་ཁང་པའི་གྱང་ལྡེབས་ཀྱི་སྣུམ་བཞུ་ལས་འོད་སྣང་རབ་རིབ་ཅིག་ལས་འཕྲོ་རྒྱུ་མེད་མོད། འོན་ཀྱང་། ནང་མི་ཚང་མ་དེའི་མཐའ་འཁོར་དུ་རྐང་དྲུག་བུང་བ་དྲི་ལྡན་མེ་ཏོག་ལ་འཁོར་བ་ཇི་བཞིན་འཁོར་ནས་སྡོད་ཀྱི་ཡོད།

    སྐྱེས་པས་སླེའུ་དང་། སྒྱེ་མོ། ཆ་རུ། གདང་ཐག་སོགས་བཟོ་བ་དང་། བུད་མེད་ཀྱིས་བལ་དང་ཁུ་ལུར་ལྕགས་ཤད་རྒྱག་པའམ་སྤུན་དོག་འཁེལ་བ་སོགས་ཀྱི་ལས་ལ་བྲེལ་ཞིང་། ཕྲུ་གུ་ཚོའང་རྩེད་མོར་མགོ་འཁོར་ནས་སྡོད་ཁོམ་མེད་པར་རང་ནུས་ལྕོགས་ཚོད་ཀྱིས་བལ་དང་ཁུ་ལུ་གསེད་རོགས་བྱེད་དགོས་ཀྱི་ཡོད། དེར་བརྟེན། ཉིན་མོར་ལས་ཁོམ་མ་བྱུང་བའི་ཁྱིམ་གྱི་བྱ་བ་ཙག་ཙིག་མང་པོ་ཞིག་མཚན་མོའི་གསལ་ལ་མི་གསལ་བའི་འོད་མདངས་ཕྲན་བུར་མ་བསྟེན་ཀ་མེད་རེད། གསར་འགོད་པས་སྣུམ་བཞུ་ཇི་འདྲ་བཟོ་དགོས་མིན་སྐོར་བཅར་འདྲི་ཞུས་པར། བགྲེས་སོང་ཁོང་གིས་ཤེལ་དམ་མམ་ཡང་ན་ལྕགས་དམ་ནང་ས་སྣུམ་བླུགས་དགོས་པ་དང་།

    དེ་རྗེས་སྲིང་བལ་བསྒྲིམས་ཏེ་ལྕགས་ཀྱི་སྦུ་གུར་བརྒྱུས་ནས་ཙག་སྒྲས་མེ་སྤོར་དགོས་ཞེས་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་སྣུམ་བཞུ་བཟོ་སྟངས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་བྱུང་།

    ས་བཞུ།

    དུས་རབས་ཀྱི་འཕེལ་འགྲོས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། ལོ་རབས་བརྒྱད་ཅུའི་མཚམས་སུ་ཞིང་འབྲོག་ཁུལ་དུ་སྔ་རྗེས་སུ་སྣུམ་ཞུའི་ཚབ་ལ་ཡང་ལཱ་དང་ས་བཞུ་ཐོན་ནས་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་བགྲེས་སོང་བློ་བཟང་གིས་གསར་འགོད་པར་དགའ་ཚོར་ཆེན་པོས་བརྗོད་བྱུང་། ཞིང་འབྲོག་ཁུལ་དུ་ས་བཞུ་དར་འགོ་ཚུགས་ཙམ་ལ་གཙོ་བོ་ནི་ལོ་གསར་དང་། ཁང་གསོལ། གཉེན་སྟོན་སོགས་དགའ་སྟོན་དང་རྟེན་འབྲེལ་གྱི་དུས་སུ་སྤོར་བ་ལས་རྒྱུན་དུ་སྤོར་མཁན་ཉུང་ཉུང་རེད། གལ་ཏེ་རྒྱུན་དུ་སྤར་བ་ཡིན་ན། དེ་ནི་ཚང་མས་རྒྱས་སྤྲོས་ལོངས་སྤྱོད་བྱས་པ་ཤིག་ཏུ་བརྩི་གི་ཡོད།

    མི་རྣམས་ཀྱི་འཚོ་བའི་འཁོས་ཀ་ལེགས་སུ་ཕྱིན་པ་དང་ཆབས་ཅིག མི་ཚང་ཕལ་ཆེ་བས་ས་བཞུ་རེ་ཉོས་པ་དང་། སྐབས་དེར་བགྲེས་སོང་བློ་བཟང་ཚང་གིས་ཀྱང་ས་བཞུ་ཞིག་ཉོས་ཤིང་། ཁོང་གིས་ས་བཞུ་ཉོས་པའི་དགོང་མོ་ང་ཚོ་ནང་མི་ཚང་མ་གསལ་ལམ་ལམ་གྱི་ས་བཞུའི་འོག་ཏུ་དགོང་ཟས་ཟ་གིན་ཅི་འཕྲོས་མོལ་འཕྲོས་བཤད་ནས་ཡུན་རིང་བསྡད་པ་ཡིན་ཞེས་དགའ་བའི་ཉམས་དང་སྤྲོ་བའི་གཏམ་གྱིས་ཤོད་ཀྱི་འདུག གསར་འགོད་པས་དམིགས་སུ་ས་བཞུ་སྤྱོད་སྟངས་དང་དེས་འཚོ་བར་སྟབས་བདེ་གང་འདྲ་སྐྲུན་ཡོད་མིན་སྐོར་བཅར་འདྲི་ཞུ་སྐབས། བགྲེས་སོང་ཁོང་གིས་སྔོན་ལ་ས་སྣུམ་བླུགས་དགོས་པ་དང་དེ་རྗེས་ཕུ་རྒྱག་དགོས། ཕུ་བརྒྱབ་ཚར་རྗེས་གདུང་རས་ལ་མེ་སྤར་ན་འགྲིག་གི་རེད། ས་བཞུའི་གདུང་རས་བརྗེ་པོ་ཡང་སེ་རྒྱག་དགོས་པ་དང་། བརྗེ་པོ་བརྒྱབ་ཚར་བའི་གདུང་རས་རྙིང་པ་དེ་མེས་འཚིགས་ནས་ཐལ་བར་གྱུར་གྱི་ཡོད། གལ་ཏེ་གདུང་རས་རྙིང་པ་དེ་རྨ་ཁར་སྦྱར་བ་ཡིན་ན་རྨ་ཁ་མགྱོགས་པོ་གསོ་ཐུབ་ཀྱི་ཡོད། ས་བཞུ་ནི་སྣུམ་བཞུ་ལས་ལྡབ་ཀྱིས་གསལ་བ་ཡོད། འོན་ཀྱང་མ་གནས་སྣུམ་བཞུ་ལས་མཐོ་བ་ཡོད་ཅེས་ས་བཞུའི་དགེ་སྐྱོན་མང་དག་ཅིག་དལ་གྱིས་གླེང་བྱུང་།

    གློག་སྒྲོན།

    ས་བཞུ་སྤར་ནས་ཡུན་རིང་མ་སོང་བར་ཞིང་འབྲོག་ཁུལ་དུ་གློག་འཁྲིད་འགོ་ཚུགས་ཤིང་། དུས་ཡུན་ལོ་ངོ་བཅུ་ཕྲག་འགའ་ཡི་རིང་སྲིད་གཞུང་ནས་གློག་ཤུགས་ཐད་མི་རྒྱུ་དངོས་གསུམ་གཏོང་ཤུགས་ཇེ་ཆེར་སོང་བར་བརྟེན། དེང་གི་ཆར་གོ་ཆོད་སྟབས་བདེའི་ཉི་གློག་དང་འོད་མདངས་རྣམ་པར་བཀྲ་བའི་གློག་སྒྲོན་ཞིང་འབྲོག་ཁུལ་གྱི་འཚོ་བའི་གྲུ་ཟུར་གང་སར་ཁྱབ་པ་ནི་ཏང་གི་སྲིད་ཇུས་བཟང་པོའི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས་པ་དང་གཉིས་སུ་མ་མཆིས།

    “ད་ཆ་མུན་པ་རུབ་རྗེས་གྲོང་ཁྱེར་ནང་དུ་གློག་སྒྲོན་ཇི་འདྲའི་མང་པོ་དང་ཇི་འདྲའི་མཛེས་པོ་ཡོད་པ་རྒད་པོ་ངས་ཤོད་མི་དགོས། ཁྱེད་རྣམ་པས་མཐོང་གསལ་རེད། ང་ཚོ་གྲོང་གསེབ་ལ་ཆ་བཞག་ན། ཁང་པའི་ཕྱི་ནང་ཚང་མར་གློག་སྒྲོན་ཡོད་པ་ཨ་ཅང་ཅང་། ཐ་ན་སྲང་ལམ་དུའང་གློག་སྒྲོན་ཁྲ་ལམ་མེར་ཡོད་པས། དགོང་མོ་ཕྱི་པོ་ཇི་ཙམ་ཆགས་ཀྱང་ལོག་འགྲོ་དུས་ལམ་ནོར་ཐེབས་དོགས་མེད་ལ་ཞེད་སྣང་དང་སྐྲག་སྣང་སོགས་ཀྱང་བྱེད་དགོས་མེད”ཅེས་བགྲེས་སོང་བློ་བཟང་གིས་ཤོད་ཀྱི་འདུག་ལ། ཁོང་གིས་ཉི་གློག་གི་གློག་ཤིང་དག་ལ་མཛུབ་མོ་འཛུགས་བཞིན་དུ། མཚན་མོ་གློག་སྒྲོན་འོག་གྲོང་མི་རྣམས་ཀྱིས་འཆམ་འཆམ་དུ་སྐྱོད་པ་དང་སྒོར་གཞས་སོགས་འཁྲབ་ཀྱི་ཡོད་ཅེས་བརྗོད།

    ད་ལམ་ལུང་པ་ཁུག་ཀྱོག་ཇི་ཙམ་ཡིན་ཡང་རུང་། གྲོང་པ་ས་ཐག་ཇི་ཙམ་རིང་ན་ཡང་། གློག་མེད་པའི་ས་ཆ་སྤྱིར་ན་མེད། དེས་ན། གློག་ཡོད་པའི་དབང་གིས་ཁྱིམ་ཚང་ཚང་མས་རང་རང་སོ་སོའི་ཁྱིམ་གྱི་གནས་ཚུལ་ལ་གཞིགས་ནས་གློག་མདོང་དང་། འོ་དཀྲོག་འཕྲུལ་ཆས། ཆུ་སྐོལ་ཆས་སོགས་གློག་ཆས་འདྲ་མིན་སྣ་ཚོགས་ཉོས་ཡོད་སྟབས། འཚོ་བ་དེ་བས་སྟབས་བདེ་རུ་དང་ལས་ཕྱོད་དེ་བས་ཆེ་རུ་ཕྱིན་ཡོད། བཅར་འདྲི་ཚར་དུས། མུན་པ་རིམ་བཞིན་རུབ་པ་དང་གང་ས་ནས་གློག་འོད་ཁྲ་ཆིལ་ལེར་དང་གསལ་ལམ་མེར་སྤར་བ་འདྲེན་བྱེད་ཡུལ་དུ་འཆར་སྐབས། གསར་འགོད་པའི་ཡིད་ལ་གཞས་མ་འཕྱོངས་ཞོལ་སྒྲོལ་མའི་གསུང་གཞས་རྙིང་པ་ཞིག་ལྷང་ལྷང་དུ་འཁོར་བྱུང་།

    “དཀར་གསལ་ཟླ་བའི་ཁ་ན། གློག་བཞུ་ཁྲ་ཆིལ་དགུ་ཆིལ། ལྷ་སའི་མཚན་མོའི་ཡུལ་ལྗོངས། ལྷ་ཡུལ་ལས་ཀྱང་མཛེས་པ……”

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།