“སྐར་དམར་གྱི་འོད་མདངས”སྡེ་ཁུལ་ལ་འཕྲོས་པ།
མི་རིགས་མང་པོ་འདུས་སྡོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་གསར་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་དུ་སྐར་དམར་སྡེ་ཁུལ་ཞེས་པའི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡོད་ཅིང་། 2023ལོའི་ཟླ་5པར་བཙུགས་པའི་སྡེ་ཁུལ་དེས་ལོ་རབས་60པའི“སྐར་དམར་ཀུང་ཧྲེ”ཞེས་པའི་མིང་གི་རྒྱུན་མཐུད་པ་དང་། དེ་ལས་ཤུགས་སུ་བསྟན་པ་ནི“འོད་མདངས་འཚེར་བའི་སྐར་དམར་གྱི་བློ་སེམས་ཏང་ལ་ཕྱོགས”ཞེས་པའི་དོན་རེད།
ཟླ་7ཚེས་29ཉིན། གསར་འགོད་པ“འོད་སྟོང་འཕྲོ་བའི་ལོ་ངོ་60 ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་བཅར་འདྲི་ཚོགས་པའི་རྗེས་སུ་འབྲངས་ཏེ་སྐར་དམར་སྡེ་ཁུལ་དུ་བསྐྱོད་ནས། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རིང་གི་སྡེ་ཁུལ་དེ་གའི་གསར་གཏོད་ཀྱི་བྱེད་ཐབས་དང་གསོན་ཉམས་ལྡན་པའི་ལག་ལེན་གྱི་སྐོར་ལ་བཅར་འདྲི་བྱས་པ་རེད།
སྡེ་ཁུལ་དུ་བསྐྱོད་པ་ན། གཙང་སྦྲ་དོད་པའི་ལམ་གྱི་གཞོགས་གཉིས་ནི་ཡུལ་མིའི་སྡོད་ཁང་གསར་པ་ཡིན་པ་དང་། ཏང་དམངས་ཞབས་ཞུ་ལྟེ་གནས་སྒོ་མདུན་གྱི་གློག་རྡུལ་བརྙན་ཤེལ་ངོས་སུ་སྡེ་ཁུལ་གྱི་གནས་ཚུལ་སྟོན་བཞིན་ཡོད་པ་མ་ཟད། ཐག་མི་རིང་སའི་སྐར་དམར་ས་ཚིགས་ཀྱི་སྒོ་མདུན་དུ་མངག་སྐྱེལ་བ་ཁ་ཤས་ངལ་གསོ་རྒྱག་ཞོར་ཁ་བརྡ་གློད་བཞིན་མཆིས། རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་23གྱི་དུད་ཁྱིམ་4365དང་གྲོང་མི་11000ལྷག་ཙམ་འདུས་སྡོད་བྱེད་པའི་སྡེ་ཁུལ་དེར“ཕྲན་དྲུག་འདྲེས་དྲུག”གི་རྣམ་པ་གསར་གཏོད་བྱས་པ་བརྒྱུད་གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་གསར་པར་འགྱུར་བཞིན་ཡོད་པ་རེད།
སྡེ་ཁུལ་བཅོས་སྐྱོང་གི་རིག་ལྡན་ཅན་གྱི་ཚད་གཞི་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་། ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ངོས་སུ“གནད་དོན་ཐག་གཅོད་བྱེད་ཚད་99.34%”ཡིན་པའི་གྲངས་གཞི་དུས་ཐོག་ཏུ་བཀོད་ཡོད། གྲངས་ཀ་དེ་ནི་སྡེ་ཁུལ་གྱིས་འཚོལ་ཞིབ་བྱས་པའི“ཏང་འཛུགས་སྐྱོང་དང་། དྲ་མིག གྲངས་འཛིན་བཅོས་སྐྱོང”བཅས་ཟུང་དུ་འབྲེལ་བའི་རྣམ་པ་གསར་པ་ཡིན། རིག་ལྡན་ལས་སྟེགས་བརྒྱུད་ཡུལ་མིས་སྙན་སེང་ཞུས་པའི་གནད་དོན་ཆུ་ཚོད་གཉིས་ཀྱི་ནང་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། “ན་ནིང་བདེ་སྐྱིད་ཁུལ་ཆུང་གི་གློག་སྐུད་སྒྱུར་བཀོད་བྱེད་སྐབས‘དྲ་ཐོག་ནས་འདེམས་ཤོག་འཕེན་པ་དང་ཁྱིམ་མཚེས་དབར་ཕྱི་དྲོ་གྲོས་བསྡུར་བྱེད་པ’ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་ལོ་20སོང་བའི་སྐུད་ལམ་རྙིང་པ་ཡོངས་སུ་བཅོས་སྒྲིག་བྱས་ཡོད། ད་ཆ་ང་ཚོ་བགྲེས་སོང་ཚོས་ཀྱང་ལག་ཐོགས་ཁ་པར་སྤྱད་ནས་སྡེ་ཁུལ་གྱི་གྲོས་བསྡུར་ནང་ཞུགས་ཀྱི་ཡོད”ཅེས་གྲོང་མི་ཚེ་རིང་སྐལ་བཟང་གིས་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་འཇིགས་མེད་དབང་ཕྱུག་ལ་བཤད། ཕན་ནུས་ཆེ་བའི་བཅོས་སྐྱོང་དེ་རིགས་ནི་སྡེ་ཁུལ་གྱིས་གསར་གཏོད་བྱས་པའི“345ཡི་ལས་ཀ་སྒྲུབ་སྟངས”ལས་བྱུང་བ་ཞིག་ཡིན་པ་དང་། སྡེ་ཁུལ་གྱི་ལས་དོན་ཆུང་ཆུང་དེ་མ་ལག་ཅན་གྱི་བཅོས་སྐྱོང་འདུ་འགོད་དུ་གྱུར་ཡོད་པ་རེད།
ལྷག་པར་དུ་མི་རྣམས་ཀྱིས་དོ་སྣང་བྱེད་འོས་པ་ཞིག་ནི་སྡེ་ཁུལ་གྱིས་ལས་ཞུགས་ཚོགས་སྤྱི་གསར་པར་དམིགས་ནས་བསྐྲུན་པའི་སྐར་དམར་ས་ཚིགས་རེད། བེད་མེད་མཛོད་ཁང་རྙིང་པ་སྒྱུར་བཀོད་བྱས་པའི་ས་ཚིགས་དེས་ངལ་གསོ་རྒྱག་པ་དང་། ཇ་འཐུང་བ། དྲ་བར་ཞུགས་པ། གཟུགས་པོ་འཁྲུད་པ་སོགས་ཀྱི་ཞབས་ཞུ་ཁག་10ལྷག་ཙམ་བསྒྲུབས་ནས་ཉིན་རེར་ཆ་སྙོམས་སྣེ་ལེན་ཞུ་ཚད་མི་ཐེངས་120ལྷག་ཙམ་ཟིན་ཡོད། “འདི་གར་སླེབས་ན་ཁྱིམ་དུ་ལོག་པའི་སྣང་བ་འདུག ཆར་གཡོལ་དང་གཟུགས་པོ་འཁྲུད་ཐུབ་པ་དང་། ད་དུང་གློག་ཀྱང་གསོག་ཆོག”ཅེས་མངག་སྐྱེལ་བ་ཀྲང་ལེ་ལེ་ཡིས་བརྗོད།
གཞན་ཡང་སྡེ་ཁུལ་གྱིས་ད་དུང་ས་ཚིགས་ཀྱི་འགྲམ་དུ་སྐར་དམར་རླངས་འཁོར་འཁྲུད་ས་ཡང་བཟོས་ཡོད་ཅིང་། མཉམ་སྡེབ་དཔལ་འབྱོར་ཐོན་ལས་དེ་ནས་ལོ་ལྟར་སྡེ་ཁུལ་ལ་ཡོང་འབབ་སྒོར་ཁྲི་8ཡོང་བ་དང་། དུས་མཚུངས་སུ་གླ་འཁོར་གྱི་ཁ་ལོ་བ་སོགས་ཚོགས་སྤྱིར་གཟིགས་སྐྱོང་གི་འཁོར་འཁྲུད་ཞབས་ཞུ་བསྒྲུབས་པས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་བྱུང་ཡོད་པ་རེད།
ད་ཆ་ལས་ཞུགས་ཚོགས་སྤྱི་གསར་པ་རང་འགུལ་ངང་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་ཏེ“དམངས་འཚོའི་ལྟ་ཞིབ་པ”དང“བདེ་འཇགས་ཀྱི་ལྟ་ཞིབ་པ”སོགས་ཀྱི་ལས་འགན་མང་པོ་ཁུར་ཞིང་། ཁོང་ཚོས་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་པའི་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། རིམ་རྩིས་བརྒྱབ་ན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་26སྙན་སེང་ཞུས་ནས་སྡེ་ཁུལ་བཅོས་སྐྱོང་གི་ཁ་གསབ་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། “ཕྱོགས་གཉིས་སུ་སྐྱོད་པའི”བཅོས་སྐྱོང་བྱེད་སྟངས་དེ་རིགས་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་གཏོགས་སེམས་ཆེ་རུ་ཕྱིན་པ་མ་ཟད། སྡེ་ཁུལ་བཅོས་སྐྱོང་ཞིབ་ཚགས་ཀྱི་ཆུ་ཚད་ཀྱང་མཐོ་རུ་སོང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།