རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་ཐོག་མ་སྟེ“མི་སེར་གྱི་སྒོ་ར་ཆུང་ཆུང”ལྷ་སའི་ལྷུན་གྲུབ་རྫོང་དུ་སྤྱོད་འགོ་ཚུགས་པ།
ཉེ་ཆར། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་ཐོག་མ་སྟེ། ལྷ་སའི་ལྷུན་གྲུབ་རྫོང་གི“མི་སེར་གྱི་སྒོ་ར་ཆུང་ཆུང”དངོས་སུ་སྤྱོད་འགོ་ཚུགས་པ་དང་། ས་མཐོའི་གྲོང་གསེབ་རིག་གནས་འཚོ་བའི་གནས་རྟགས་གསར་པ་ཞིག་ཏུ་གྱུར་ནས་བོད་ཀྱི་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་དེ་མང་ཚོགས་དང་དེ་བས་ཉེ་བཅར་དང་དེ་བས་གསོན་ཉམས་ལྡན་པའི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་པ་མཚོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “མི་སེར་གྱི་སྒོ་ར་ཆུང་ཆུང”གིས་གྲོང་གསེབ་ཀྱི་སྲོལ་རྒྱུན་རིག་གནས་བྱེད་སྒོ་སྤེལ་སའི་ནུས་པ་གཅིག་ཁོ་ན་མིན་པར་རིག་གནས་འགྲེམས་སྟོན་དང་། རྩལ་ནུས་གསོ་སྦྱོང་། ཁྱིམ་མཚེས་སྤེལ་རེས། གྲངས་འཛིན་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི“གྲོང་གསེབ་ཀྱི་རིག་གནས་ཕྱོགས་བསྡུས་སྒྲིག་གཞི”བསྐྲུན་ཡོད་པ་རེད། དེ་གར་གྲོང་མིས་གློག་བརྙན་ལྟ་བ་དང་ཡུལ་སྲོལ་སྐོར་གྱི་དེབ་ལྟ་བ་སོགས་རིག་གནས་ཞབས་ཞུ་སྟབས་བདེ་པོས་ལོངས་སུ་སྤྱོད་ཐུབ་པ་མ་ཟད། སྣ་མང་རིག་གནས་ཀྱང་སློབ་སྦྱོང་བྱེད་ཐུབ་པ་དང་། ལག་ཤེས་ལག་རྩལ་སོགས་ཀྱི་གསོ་སྦྱོང་ནང་ཞུགས་ནས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་རྩལ་ནུས་མཉམ་འདྲེས་མཉམ་གནས་ཡོང་བ་བྱེད་པ། ཁྱིམ་མཚེས་དབར་དོན་དག་གྲོས་བསྡུར་དང་དུས་ཆེན་རིང་མཉམ་འཛོམས་ཀྱི་ལས་སྟེགས་ལ་བརྩིས་ནས་མི་སེམས་གཅིག་ཏུ་སྒྲིལ་བའི“བསམ་པའི་ཁྱིམ་གཞིས”ལ་འགྱུར་རྒྱུ་རེད།
གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་རམ་འདེགས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི“མི་སེར་གྱི་སྒོ་ར་ཆུང་ཆུང”སྤྱོད་འགོ་ཚུགས་པ་དེས་ས་མཐོའི་གྲོང་གསེབ་རིག་གནས་འཕེལ་རྒྱས་ལ་ས་བོན་གསར་པ་བཏབ་ཡོད། འབྱུང་འགྱུར་དེས་གྲོང་གསེབ་ཀྱི་རིག་གནས་སྐྱེ་ཁམས་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་བ་དང་བོད་ཀྱི་གྲོང་གསེབ་རིག་གནས་ཀྱི“མིང་བྱང་གསར་པར”གྱུར་ནས་ས་མཐོའི་གྲོང་གསེབ་ཏུ་རིག་གནས་ཀྱི་མེ་ཏོག་རབ་ཏུ་བཞད་པར་སྐུལ་འདེད་གཏོང་ཐུབ་རེ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།