རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱིས་ཁ་པར་ནས་ཚོང་གཉེར་བྱེད་སྟངས་ཚད་ལྡན་དུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྒུལ་བདེ། ཀྲུང་གོ་ལན་ཐུང་བཅས་རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱིས་ཉེ་ཆར་ཁ་པར་ནས་ཚོང་གཉེར་བྱེད་སྟངས་ཚད་ལྡན་དུ་གཏོང་བའི་བྱེད་ཐབས་ཁྱབ་བསྒྲགས་བྱས་ཤིང་། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་ཡོད་པའི་འཕྲིན་གཏོང་ལས་སྒོའི་ཁ་པར་ནས་ཚོང་གཉེར་དྲིལ་བསྒྲགས་རྫུན་མ་དང་འཛད་སྤྱོད་ཀྱི་བསླུ་བྲིད་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
བྱེད་ཐབས་དེ་དག་ནང་རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་གཞུང་ཕྱོགས་ཀྱི་ཁ་པར་ནས་ཚོང་གཉེར་བྱེད་པའི་ཨང་གྲངས་འབའ་ཞིག་ནི་ཀྲུང་གོ་གློག་འཕྲིན་གྱི་10001དང་། ཀྲུང་གོ་སྒུལ་བདེའི་10085 ཀྲུང་གོ་ལན་ཐུང་གི་10016བཅས་ཡིན་པ་ལས། སྡེ་ཚན་དང་མི་སྒེར་གང་རུང་ལ་ཨང་གྲངས་གཞན་དག་ནས་ཚོང་གཉེར་བྱེད་པའི་དབང་ཆ་སྤྲད་མེད། དེས་མ་ཟད་ཚོང་གཉེར་གྱི་ནང་དོན་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ངོ་སྤྲོད་བྱེད་པ་དང་། དྲིལ་བསྒྲགས་རྫུན་མ་དང་འཛད་སྤྱོད་ཀྱི་བསླུ་བྲིད་མི་བྱེད་པ། གྲོན་དངུལ་གྱི་ཚད་གཞི་དང་། འོས་འཚམ་གྱི་སྤྱོད་ཡུལ། གོ་ཆོད་དུས་ཚད། ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་སོགས་འགག་རྩའི་ཆ་འཕྲིན་སྦ་གསང་མི་བྱེད་པ། སྤྱོད་མཁན་ལ་འོས་སྦྱོར་བྱེད་པའི་གྲོན་དངུལ་ཇུས་གཞི་ཚང་མ་དྲ་རྒྱ་ཐིང་དང་གཞུང་ཕྱོགས་ཀྱི་APPནས་ཡོངས་བསྒྲགས་བྱེད་པ་བཅས་ཚུད་ཡོད།
གཞན་ཡང་ད་དུང་སྤྱོད་མཁན་གྱི་མོས་མཐུན་ཐོབ་རྗེས། སྤྱོད་མཁན་ལ་ལས་སྒོ་སྒྲུབ་དགོས་པའི་རེ་ཞུའི་འཕྲིན་ཐུང་བསྐུར་ནས་ལས་སྒོའི་དགོས་ངེས་ཀྱི་ཆ་འཕྲིན་གསལ་བཤད་བྱེད་པ་དང་། སྤྱོད་མཁན་གྱིས་འཕྲིན་ལན་བསྐུར་ནས་ལས་སྒོ་སྒྲུབ་རྒྱུ་གཏན་འཁེལ་བྱུང་རྗེས་ལས་སྒོ་སྒྲུབ་པ་དང་། ཁ་པར་ནས་ཚོང་གཉེར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་སྒྲ་ཕབ་དང་ཁྱོན་ཡོངས་ནས་བསྐྱར་ཞིབ་བྱས་ཏེ། ཚད་གཞི་ནན་པོའི་ཐོག་ནས་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལ་ཞིབ་བཤེར་བྱེད་པ། སྤྱོད་མཁན་གྱིས་ཁ་པར་ནས་ཚོང་གཉེར་དང་ལེན་མི་བྱེད་པ་ཁ་གསལ་བཤད་ཚེ། མུ་མཐུད་ཁ་པར་བརྒྱབ་ནས་སུན་པོ་བཟོ་ཡི་མེད།
རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱིས་རྒྱ་ཆེའི་སྤྱོད་མཁན་ལ་དྲན་སྐུལ་བྱ་རྒྱུར། ཁེ་ལས་ཀྱི་གཞུང་ཕྱོཌ་ཀྱི་ཁ་པར་ནས་ཚོང་གཉེར་ཨང་གྲངས་གསལ་པོ་ཤེས་དགོས་པ་ལས། གཞུང་ཕྱོགས་མིན་པའི་ཨང་གྲངས་གང་རུང་ནས་ལས་སྒོ་སྒྲུབ་མི་རུང་བ་དང་། མི་སུ་འདྲ་ཞིག་ལའང་ར་སྤྲོད་ཨང་རྟགས་མཁོ་འདོན་བྱེད་མི་རུང་། གནད་དོན་གང་ཞིག་འཕྲད་ཚེ་ཁེ་ལས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་ཏེ། ཀྲུང་གོ་གློག་འཕྲིན་གྱི་ཁ་པར་ཨང་གྲངས་10000དང་། ཀྲུང་གོ་སྒུལ་བདེའི་ཁ་པར་ཨང་གྲངས་10086 ཀྲུང་གོ་མཉམ་འབྲེལ་འཕྲིན་གཏོང་གི་ཁ་པར་ཨང་གྲངས་10010བཅས་ལ་འབྲེལ་བ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།