ཧྲན་ཏུང་ཝེ་ཧྥང་དང་། ལིན་དབྱི། རི་ཀྲའོ་བཅས་ས་ཆ་གསུམ་གྱིས་མཉམ་དུ་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཚོ་འདུས་ཤིག་བསྐྲུན་པ།
“གསར་གཏོད་ཀྱི་བརྒྱུད་རིམ་ནི་ཐོན་ལས་མཐུན་སྦྱོར་གྱི་བརྒྱུད་རིམ་ཞིག་ཡིན”
མུན་རུབ་ལ་ཉེ་བའི་སྐབས། ཧྲན་ཏུང་ལིན་དབྱིའི་ལིན་ཧྲུའུ་རྫོང་གི་ཚོད་ལྟའི་ཞིང་ནང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་འོང་། ནད་དང་གནོད་འབུ་འགོག་བཅོས་ཀྱི་ཞིང་འཕྲུལ་ཞིག་རྣང་མ་བརྒྱུད་ནས་ཨ་ཤོམ་ཞིང་ནང་དུ་དལ་བུར་སྐྱོད་བཞིན་འདུག དེ་ནི་ཧྲན་ཏུང་ཧྭ་ཧྲེང་ཀྲུང་ཐེན་འཕྲུལ་ཆས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ཚོད་ལྟ་བྱེད་བཞིན་པའི་ཆ་ཚང་རང་འགུལ་གྱི་ནད་དང་གནོད་འབུ་འགོག་བཅོས་ཀྱི་ཞིང་འཕྲུལ་ཞིག་རེད།
“ནད་དང་གནོད་འབུ་འགོག་བཅོས་ཀྱི་ཞིང་འཕྲུལ་རྙིང་པ་དང་བསྡུར་ཚེ། ད་རེས་ཀྱི་ཞིང་འཕྲུལ་གསར་པ་དེའི་ཞིང་སྨན་གཏོར་ཚད་30%ཡན་མཐོ་རུ་ཕྱིན་ནས། ནད་དང་གནོད་འབུ་འགོག་བཅོས་ཀྱི་ཕན་འབྲས་གཅིག་པ་ཐོན་པའི་ཁར། ཞིང་སྨན་སྤྱོད་ཚད་20%གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་ཀུང་སིའི་ཞིང་ལས་ལག་རྩལ་པ་ལིའུ་ཡོན་ཅན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཞིང་སྨན་ཉུང་བ་སྤྱད་ནས་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་པའི་འགག་རྩ་ནི་ཚན་རྩལ་གསར་གཏོད་ལ་བརྟེན་པས་རེད། དེས་ན“གསར་གཏོད་ཀྱི་བརྒྱུད་རིམ་ནི་ཐོན་ལས་མཐུན་སྦྱོར་གྱི་བརྒྱུད་རིམ་ཞིག་རེད”ཅེས་བརྗོད།
“སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས། ཚོ་འདུས་ཀྱི་མཁོ་སྤྲོད་ཁེ་ལས་སྔ་མར་ཐོན་སྐྱེད་ཀྱི་དཀའ་ངལ་འཕྲད་སྐབས་ང་ཚོས་སྣང་བ་མི་གཏོང་བར་སྡོད་ག་ལ་རུང”ཞེས་ཧྭ་ཧྲེང་ཀྲུང་ཐེན་ཚོགས་པའི་ཞིབ་འཇུག་གསར་སྤེལ་བ་ལིའུ་ཞང་ཧྥུང་གིས་བཤད་ཅིང་། ཁོང་གིས་ང་ཚོས་ལག་རྩལ་རྒྱབ་སྐྱོར་གྱི་ཚོགས་པ་ཞིག་བཙུགས་ཏེ། རྒྱུ་ཆའི་རིགས་གཅིག་མཁས་ཅན་དང་། གྲུབ་ཆའི་ལག་རྩལ་ཆེ་མོ་བ། བཟོ་རྩལ་ཇུས་འགོད་པ་བཅས་ཐད་ཀར་ཀྲུང་ཐའེ་སྐྱེད་ཚལ་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་མངགས་ནས་འགག་སྒྲོལ་གྱི་ལས་ལ་གཞོལ་བ་ཡིན་ཞེས་ངོ་སྤྲོད་བྱས།
འབད་བརྩོན་ལོ་ཕྱེད་ལྷག་ཙམ་བྱས་པ་བརྒྱུད། མྱུར་དུ་སྒྲིག་བཤིག་བདེ་བའི་འཕྲུལ་འཁོར་ཐོན་སྐྱེད་བདེ་བླག་ཐུབ་ཡོད། ལིའུ་ཞང་ཧྥུང་གིས། “འབྲེལ་མཐུད་བརྟན་ལ་ཚགས་དམ་པོ་ཡོད་པས་སྨན་སྒམ་བརྗེ་པོ་རྒྱག་པར་དེ་སྔ་སྐར་མ་ལྔ་ནས་ད་ལྟར་སྐར་མ་གཅིག་ལས་འགོར་གྱི་མེད་པས་དུས་ཚོད་ཐུང་དུ་སོང་ཡོད”ཅེས་བཤད།
སྨན་སྒམ་གསར་པར་ཁྲོམ་རའི་ཁས་ལེན་ཐོབ་ནས་ཀྲུང་ཐའེ་སྐྱེད་ཚལ་ཀུང་སིར་མངགས་ཐོ་གཅིག་རྗེས་གཉིས་མཐུད་ངང་འབྱོར་པ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ཐོན་སྐྱེད་ནུས་པ་50%མཐོ་རུ་སོང་ནས། ལོའི་ཕྱིར་ཚོང་ཡོང་འབབ་ཀྱང་མཉམ་ལས་མ་བྱས་གོང་གི་སྒོར་ཁྲི་སྟོང་ཕྲག་ཁ་ཤས་ནས་ད་ལྟ་སྒོར་དུང་ཕྱུར་ཡན་བར་མང་དུ་ཕྱིན་ཡོད། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་བྱས་པ་བརྒྱུད། ལིན་དབྱི་ལ་ནད་དང་གནོད་འབུ་འགོག་བཅོས་ཀྱི་ཞིང་འཕྲུལ་སྒྲིག་ཆས་ཆ་ཚང་དང་ལེ་ལག་ཆ་ཚང་བཟོ་མཁན་ཁེ་ལས་100ལྷག་ཙམ་འཛོམས་ཏེ་ཐོན་ལས་ཀྱི་ཚོ་འདུས་ཤིག་ཆགས་ཡོད།
ཧྲན་ཏུང་ཕྱེད་གླིང་གི་ལྟེ་བའི་ཁུལ་ལ་བལྟས་ཚེ། ལིན་དབྱི་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་ཀྱི་ཚོ་འདུས་ནི“ཝེ་ཧྥང་དང་། ལིན་དབྱི། རི་ཀྲའོ་བཅས་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཚོ་འདུས”ཀྱི་ཆ་ཤས་ཤིག་ཡིན་ཞིང་། དེ་ནི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་སྟོང་ལས་བརྒལ་བའི་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཚོ་འདུས་ཤིག་རེད།
ས་དབྱིབས་ཀྱི་ངོས་ནས་བལྟས་ཚེ། ཝེ་ཧྥང་དང་། ལིན་དབྱི། རི་ཀྲའོ་བཅས་ས་ཆ་གསུམ་ལ་རི་ཁུལ་དང་། མཚོ་འགྲམ། གྲམ་ཐང་སོགས་ཀྱི་ས་ཁམས་ཆགས་ཚུལ་མང་པོ་ཡོད་པས། ཞིང་འཕྲུལ་སྒྲིག་ཆས་འཕེལ་རྒྱས་གཏོང་བར་བཀོལ་སྤྱོད་བྱ་ཡུལ་ཕུན་སུམ་ཚོགས་པོ་ཡོད། ས་གནས་གསུམ་གྱི་ཞིང་འཕྲུལ་སྣེ་འདྲེན་ཁེ་ལས་ཀྱིས་མཉམ་དུ་མ་དངུལ་བཏང་ནས་ཧྲན་ཏུང་མཉམ་གཏོད་ཞིང་འཕྲུལ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཤིང་། འཕེལ་རྒྱས་ལོ་མང་བཏང་བ་བརྒྱུད། ན་ནིང་ཟླ་བཅུ་གཅིག་པར“ཝེ་ཧྥང་དང་། ལིན་དབྱི། རི་ཀྲའོ་བཅས་རིག་ནུས་ཞིང་འཕྲུལ་སྒྲིག་ཆས་ཚོ་འདུས”དེ་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོ་འདུས་མིང་ཐོའི་ནང་ཚུད་པ་དང་། 2024ལོར་ཚོ་འདུས་དེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1264ཟིན་ནས་རྒྱལ་ཡོངས་ཀྱི་ཞིང་འཕྲུལ་ལས་རིགས་ཀྱི་བཞི་ཆ་གཅིག་བཟུང་སྟེ། ལོ་མང་བསྟུད་མར་ཐོན་ལས་ཀྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
སྲིད་གཞུང་གིས་ལས་སྟེགས་བསྐྲུན་ནས་ཁྲོམ་ར་རྒྱ་བསྐྱེད་བཏང་། ད་ལོ་ནས་བཟུང་། ས་གནས་གསུམ་གྱི་སྲིད་གཞུང་གིས“ཁེ་ལས་ལ་འཚམས་འདྲི”དང“ངས་ཁེ་ལས་ལ་མངགས་ཐོ་འཚོལ་རོགས་བྱེད”སོགས་ཀྱི་ཆེད་དོན་བྱ་སྤྱོད་ཐེངས་20ལྷག་ཙམ་སྤེལ་ནས། ཐོན་ལས་འཁོར་འབྲེལ་གྱི་ཚོང་བཤད་དང་ཆེད་དོན་གྲོས་མོལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཚོ་འདུས་ཁེ་ལས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་དང་མཐུན་སྦྱོར་ལེ་ལག་ཚང་པོ་ཡོང་བར་སྐུལ་མ་ཐེབས་ཡོད། སྣེ་འདྲེན་ཁེ་ལས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཚོ་འདུས་ཁེ་ལས་ཚོགས་སྒྲིག་གིས་ཚོང་གཉེར་བྱེད་པར་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད། མིག་སྔར། ཚོ་འདུས་ཁེ་ལས་ཀྱི་ཞིང་འཕྲུལ་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་130ཙམ་ལ་ཕྱིར་གཏོང་བྱས་ཏེ། འདྲུད་འཐེན་འཕྲུལ་འཁོར་དང་ཞིང་སྤྱོད་སྐྱེལ་འདྲེན་རླངས་འཁོར་སོགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
“ང་ཚོས་གཙོ་གནད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚོ་འདུས་ཀྱི་ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་། ཐོན་ལས་སྔ་མ་དང་ཕྱི་མ། ཐོན་སློབ་ཞིབ་གསུམ་བཅས་ཕན་ཚུན་མཐུན་སྦྱོར་དམ་ཟབ་ཡོང་བར་སྐུལ་འདེད་བཏང་ནས། འཛམ་གླིང་རིམ་པའི་ཐོན་ལས་ཚོ་འདུས་ཕྱོགས་སུ་གོམ་སྟབས་མྱུར་པོ་སྤོ་རྒྱུ་ཡིན”ཞེས་ཧྲན་ཏུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་མའོ་ཆིང་གིས་བརྗོད།
འབྲེལ་ཡོད་གསར་འགྱུར།