གཞོན་ནུའི་ལང་ཚོའི་འོད་སྣང་ཞི་བདེའི་འབྱུང་འགྱུར་ལ་འཕྲོ་ཐུབ་པ་བྱེད་དགོས།
ལོ་རྒྱུས་རྒྱུན་འཛིན་དང་ཞི་བདེ་སྲུང་བའི་འགན་འཁྲི་འཁུར་མཁན་རྒྱ་ཆེའི་གཞོན་རབས་པ་ཚོས་རང་ཉིད་ཀྱི་ལང་ཚོའི་གསོན་ཤུགས་དང་བློ་གྲོས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཡར་ཐོན་གྱི་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་བཞིན་ཡོད།
“ཞི་བདེའི་འབྱུང་འགྱུར་གཞོན་ནུ་ཚོའི་ཕྲག་སྟེང་དུ་ཡོད” ཟླ་7ཚེས་29ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གཞོན་ནུའི་ཞི་བདེའི་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ཤིང་། དེའི་ནང་རྒྱལ་ཁབ་ཁག་གི་གཞོན་ནུ་གྲོགས་པོ་ཚོས་ད་རེས་ཀྱི་ཚོགས་ཆེན་གོ་སྐབས་སུ་བརྩིས་ནས་བསམ་བློ་སྤེལ་རེས་དང་། རྒྱུས་ལོན་ཟབ་ཏུ་གཏོང་བ། མཛའ་གྲོགས་ཐོབ་པར་བྱེད་པའི་སྒོ་ནས་མཉམ་དུ་ཞི་བདེའི་འདུ་ཤེས་དར་སྤེལ་གཏོང་མཁན་དང་ཞི་བདེ་འཕེལ་རྒྱས་ཀྱི་བྱ་སྤྱོད་སྤེལ་མཁན་ཞིག་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།
ཉེ་བའི་ལོ་འགའི་རིང་། “དར་གོས་ལམ་བུའི་གཞོན་ནུའི་འབྱུང་འགྱུར་སྐོར་གྱི་གླེང་མོལ”གྱི་བགྲོ་གླེང་ཚོགས་འདུ་ནས་འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་བར་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཞོན་ནུའི་ཕུལ་བྱུང་སྤེལ་རེས་དུས་ཆེན་བར་སོགས་གཞོན་ནུའི་སྤེལ་རེས་ལས་སྟེགས་སྣ་ཚོགས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད། འཛམ་གླིང་གཞོན་ནུའི་ཞི་བདེའི་ཚོགས་ཆེན་གྱིས“མཉམ་དུ་ཞི་བདེའི་ཆེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་གོ་ལ་ཧྲིལ་པོའི་གླིང་ཆེན་ལྔའི་རྒྱལ་ཁབ་130ལྷག་ཙམ་ནས་ཡོང་བའི་མི་3000ལྷག་ཙམ་ཚོགས་འདུར་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་རྒྱལ་ཁབ་ཁག་གི་གཞོན་ནུ་རྣམས་ལ་བསམ་བློ་སྤེལ་རེས་དང་མཛའ་བརྩེ་ཟབ་ཏུ་གཏོང་བའི་ལས་སྟེགས་ཡངས་པོ་ཞིག་བཏོད་དེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་གཞོན་ནུའི་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་ནས་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་80ཡི་སྔོན་དུ། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་དཀའ་སྡུག་ཚད་མེད་ཀྱིས་དམར་འཛིང་བྱས་ནས་ཧྥ་ཤི་སི་རིང་ལུགས་རྩ་སློག་བཏང་སྟེ་ལས་སླ་པོར་བྱུང་བ་མིན་པའི་ཞི་བདེ་ཐོབ་ཡོད། དཀའ་སྤྱད་ཚད་མེད་མྱོང་བའི་དམག་འཁྲུག་གི་ལོ་ཟླའི་ནང་རྒྱལ་ཁབ་ཁག་གི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་གཞོན་ནུ་གྲངས་མེད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་གནམ་ས་འགུལ་བའི་དཔའ་བོའི་གླུ་དབྱངས་བརྩམས་ཡོད། མིག་སྔར། འཛམ་གླིང་ལ་སྔར་བཞིན་ས་ཆ་ཁག་གཅིག་གདོང་ཐུག་དང་། ཕྱོགས་རྐྱང་རིང་ལུགས། བཙན་དབང་རིང་ལུགས་སོགས་ཀྱི་འགྲན་སློང་འཕྲད་བཞིན་ཡོད་པས། འཛམ་གླིང་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་གི་ལས་འགན་ལྕི་ལ་ལམ་ཐག་རིང་པོར་བརྟེན། རྒྱ་ཆེའི་གཞོན་རབས་པ་ཚོས་ལོ་རྒྱུས་ལས་སད་པའི་གོ་རྟོགས་སྔར་བས་བློ་ལ་བརྟན་པོར་ངེས་ཏེ་དུས་རབས་ཀྱི་ལས་འགན་བློ་ཁོག་ཆེན་པོས་ཁུར་ནས་ཞི་བདེའི་མེ་སོན་བརྒྱུད་སྤྲོད་ཀྱིས་གཞོན་ནུའི་ལང་ཚོའི་འོད་སྣང་ཞི་བདེའི་འབྱུང་འགྱུར་ལ་འཕྲོ་ཐུབ་པ་བྱེད་དགོས།
གཞོན་ནུ་ཚོར་ཕུགས་བསམ་དང་འགན་འཁྲི་ཡོད་ན། མིའི་རིགས་ལ་འབྱུང་འགྱུར་ཡོད་ངེས་ཡིན་པ་མ་ཟད། ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བྱ་གཞག་བླ་མེད་འགྲུབ་པའི་རེ་བའང་ཡོད་ངེས་ཡིན་པས། ཕྲག་ཐོག་ཏུ་ལོ་རྒྱུས་རྒྱུན་འཛིན་དང་ཞི་བདེ་སྲུང་བའི་འགན་འཁྲི་འཁུར་བའི་རྒྱ་ཆེའི་གཞོན་རབས་པ་ཚོས་རང་ཉིད་ཀྱི་ལང་ཚོའི་གསོན་ཤུགས་དང་བློ་གྲོས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཡར་ཐོན་གྱི་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།