རི་པིན་གྱི་ཤེས་ཡོན་ཅན་གྱིས་བརྗོད་དོན།
རི་པིན་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་རི་པིན་གྱི་མཁས་དབང་བརྒྱ་ཙམ“དམག་འཁྲུག་རྗེས་ཀྱི་ལོ་80ཡི་ཞིབ་དཔྱད་ར་སྤྲོད་དང་འབྱུང་འགྱུར་ལ་རྒྱང་ལྟ”ཞེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ཏེ་ལོ་80རིང་གི་ལོ་རྒྱུས་ལ་ཕྱིར་དྲན་དང་ཞི་བདེའི་དོན་སྙིང་ལ་དཔྱད་བསྡུར་བྱས་པ་རེད། རི་པིན་གུང་ཁྲན་ཏང་གི་ཨུ་ཡོན་ཀྲང་གཞོན་པ་ཞུས་ཧྥང་ཅིན་ཧྥུའུ་ཡིས། རི་པིན་གྱི་བཙན་འཛུལ་ལོ་རྒྱུས་ཀྱི་ཁྲིམས་དང་མི་མཐུན་པའི་རང་བཞིན་དང་ཚུལ་མིན་རང་བཞིན་ནི་ལོ་རྒྱུས་ནས་བསུབ་ཐབས་བྲལ་བ་ཞིག་ཡིན་པས། རི་པིན་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་དགོས། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད། རང་ངོས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ངོས་ནས་ཀྱང་གལ་འགངས་ཧ་ཅང་ཤིན་ཏུ་ཆེན་པོ་ཡོད”ཅེས་བརྗོད་པ་རེད།
རི་པིན་དཔལ་འབྱོར་ཐོན་ལས་ཞིང་ཆེན་གྱི་དཔོན་རིགས་ཟུར་པ་ཀུའུ་ཧོ་མའོ་མིང་གིས། ཉེ་བའི་ལོ་ཤས་རིང་རི་པིན་གྱི་བྱེད་སྤྱོད་རབ་དང་རིམ་པ་ལས་ཞི་བདེའི་རྩ་ཁྲིམས་ཀྱི་དགོངས་དོན་དང་ཕྱོགས་འཛོལ་གྱི་འཕེལ་ཕྱོགས་མངོན་ཡོད། ཞི་བདེ་སྲུང་སྐྱོང་བྱ་ཆེད་རི་པིན་གྱིས་ཆེད་དམིགས་རྒྱལ་ཁབ་ལ་བརྟེན་པའི་གནས་ལས་སྒྲོལ་ཏེ། ཀྲུང་གོ་དང་སྐྱོན་བྲལ་དང་བརྟན་ལྷིང་གི་ཕྱི་འབྲེལ་འཛུགས་དགོས་ཞེས་བརྗོད་པ་རེད།
རི་པིན་མིང་ཀྲི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུང་ལི་ཧྲུའེ་ཡིས། ལོ་80ཡི་སྔོན་དུ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་མིའི་རིགས་ཀྱི་ལ་རྒྱ་དང་རང་དབང་སྲུང་སྐྱོང་བྱས་པ་མ་ཟད། རྒྱལ་སྤྱིའི་སྒྲིག་ལམ་གྱི་རྨང་གཞི་བཏིང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་རི་པིན་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོ་བའི་ཚོགས་པས་གཙོ་གཉེར་བྱས་པ་དང་ཀྲུང་གོ་དང་རི་པིན་རིག་གཞུང་སྤེལ་རེས་ལྟེ་གནས་ཀྱིས་གཞོགས་འདེགས་བྱས་ནས་གཉེར་བ་ཞིག་རེད། བགྲོ་གླེང་ཚོགས་འདུའི་གཙོ་གཉེར་ཕྱོགས་ཀྱིས། ཉེ་བའི་ལོ་ཤས་རིང་། གོ་ལ་ཅན་ལས་ལྡོག་པའི་འཕེལ་ཕྱོགས་རིམ་བཞིན་མངོན་ཏེ་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གཞི་རྩར་གཡོ་འགུལ་ཐེབས་བཞིན་ཡོད་པ་དང་གོ་ལ་ཧྲིལ་པོར་གྲུབ་ཆའི་རང་བཞིན་གྱི་འགྱུར་ལྡོག་འགྲོ་བཞིན་ཡོད། ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་འདིར་དམག་འཁྲུག་རྗེས་ཀྱི་ལོ་80ཡི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་དེའི་ནང་གི་ནོར་འཛོལ་དང་ཉམས་མྱོང་ལ་བསྐྱར་དུ་ཞིབ་ལྟ་བྱེད་པའི་དགོས་པ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།