མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་བརྒྱའི“ཁ་ལོ་བའི་ཁྱིམ་གཞིས”ལ་སྒྱུར་བཀོད་རིམ་སྤོར་བྱས་པ།
བྱ་ཐབས་སྣ་མང་སྤྱད་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས་པ།
གཞུང་ལམ་ཟོག་འདྲེན་གྱིས་སྤྱི་ཚོགས་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་རིགས་ཀྱི་དངོས་ཟོག་70%ཡན་སྐྱེལ་འདྲེན་བྱེད་འགན་འཁུར་གྱི་ཡོད་པ་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཁྲི་3800ཙམ་དང་འབྲེལ་བ་ཡོད་པ་རེད། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ངལ་གསོའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་གྱི“ཁ་ལོ་བའི་ཁྱིམ་གཞིས”ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་རིམ་སྤོར་བྱེད་པའི་བྱ་སྤྱོད་སྤེལ་བ་རེད། མིག་སྔའི་བར། ལེའོ་ཉིང་དང་། ཅང་སུའུ། ཀྲེ་ཅང་སོགས་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་བརྒྱའི“ཁ་ལོ་བའི་ཁྱིམ་གཞིས”ལ་སྒྱུར་བཀོད་ལེགས་སྒྲུབ་བྱས་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་རིན་མི་དགོས་པར་གཞི་རྩའི་ཞབས་ཞུ་དང་རང་གཤིས་ཅན་གྱི་ཞབས་འདེགས་ཞུ་གི་ཡོད་ཅིང་། ཁ་ལོ་བས་ཕྱོགས་སྟོན་ས་བཀྲ་དང་། ཟོག་འདྲེན་ལས་སྟེགས། བྱ་རིམ་ཆུང་གྲས་སོགས་ནས་འཚོལ་བཤེར་བྱེད་ཆོག་གི་ཡོད།
སྒྱུར་བཀོད་བྱས་རྗེས་གཙོ་བོ་ཕྱོགས་གསུམ་ནས་རིམ་པ་སྤར་ཡོད་པ་སྟེ། མཚོན་རྟགས་གཅིག་གྱུར་བྱས་ཏེ་ཞབས་ཞུའི་ཁུལ་གྱི་འཛུལ་སྒོར་མངོན་གསལ་དོད་པའི་མཚོན་རྟགས་སྦྱར་ནས་ཁ་ལོ་བས་འཚོལ་བདེ་པོ་ཡོང་བ་བྱེད་པ་དང་། སྒྱུར་བཀོད་བྱས་རྗེས་ཀྱི“ཁ་ལོ་བའི་ཁྱིམ་གཞིས”ཚང་མར་ཉུང་མཐར་ཡང་ཟོག་འདྲེན་རླངས་འཁོར་འཇོག་ས་20དང་། ཁྲུས་ཁང་2 གོས་བཀྲུའི་འཕྲུལ་ཆས་2བཅས་ཉིན་མཚན་མེད་པར་མཁོ་འདོན་བྱ་རྒྱུ་ཡིན་པ། རླངས་འཁོར་བཞག་ནས་ངལ་གསོ་ས་དང་། ཆུ་ཚ་པོ་ལེན་ས། ལྟོ་ཆས་ཚ་པོ་བཟོ་ས། ཁྲུས་ཁང་སོགས་རིན་མི་དགོས་པར་སྤྱོད་ཆོག་གི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུས“ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་སྲུང་སྐྱེལ་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་གཅིག་པའི་ཟོག་འདྲེན་ཁ་ལོ་བའི་ལས་རིགས་གནོད་འཚེར་འགན་སྲུང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རིམ་རྩིས་བརྒྱབ་ན། ཁ་ལོ་བ་ཁྲི་240ལྷག་ཙམ་ལ་འགན་སྲུང་བྱས་པ་རེད། ཉེ་བའི་ལོ་གསུམ་རིང་ཧོའོ་ལཱ་ལཱ་ཟོག་འདྲེན་ལས་སྟེགས་ཀྱི་ལས་རིགས་གནོད་འཚེ་འགན་སྲུང་ལ་རིམ་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5ལྷག་ཙམ་བཏང་བ་དང་མངགས་ཐོ་དུང་ཕྱུར་7.6ལྷག་ཙམ་ལ་འགན་སྲུང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།